ངའི་མཛེས་སྡུག་མཐའ་དག་ཁྱོད་དང་ལྷན་དུ་བཞད་ཆོག་པར་ཞུ།

༼ ཚོར་སྦྲང་། ༽        2025-11-17


དྲང་མོར་བཤད་ན་ཁྱོད་རང་ངའི་ནང་སེམས་ཀྱི་འཇིག་རྟེན་ལ་ཟླ་འོད་བཞིན་ཤར་བའི་ཉིན་དེ་ནས་བཟུང་། ངས་ཞོགས་ལངས་ཀྱི་དུས་ཚིགས་མཐའ་དག་དོར་ནས་ཁྱོད་ཀྱི་མཛེས་སྡུག་གི་ཟླ་འོད་དང་སྙིང་ཉེ་བའི་སེམས་གཏམ་བསྟན་བཤིག་ཚ་བའི་བཞད་གད་ཁོ་ནར་རོལ་མྱོང་བྱ་ན་འདོད། དུས་ཡུན་ཐུང་ཐུང་ཙམ་ཞིག་མ་ཡིན་པར་མི་ཚེ་གང་པོར། དེ་ལས་ཀྱང་རིང་བའི་རྫོགས་མཐའ་མེད་པའི་དུས་ཚིགས་ཤིག་ལ་ངས་ཁྱོད་ཀྱི་མཛེས་སྡུག་གི་ནང་སེམས་ལ་རོལ་མྱོང་ཡིད་ཚིམ་ཞིག་བྱ་སྙིང་བྲོ་སོང་། མི་ཚེ་ནི་ཤིན་ཏུ་ཐུང་། ཁྱོད་དང་འཕྲད་པའི་དུས་ཚོད་འདི་དག་ལ་ང་ལ་སྔར་མེད་ཀྱི་ཚོར་ཤེས་འཇམ་པོ་ཞིག་བྱིན་བྱུང་། ཚོར་ཤེས་དེ་ནི་མདོར་བསྡུས་ན་གཞན་ལས་རྙེད་ཐབས་བྲལ་བའི་དྭངས་གཙང་གི་བརྩེ་དུངས་ཤིག་གོ།

ལག་འཇུ་དྲོན་པོ་ཙམ་ཞིག་ཀྱང་བྱེད་མ་མྱོང་བའི་ཁྱོད་ཀྱི་བྱ་སྤྱོད་དེ་དག་གིས། རྒྱང་རིང་གི་ངའི་ནང་སེམས་ལ་ཚོར་ཤེས་འདི་འདྲ་ཞིག་གནང་ཐུབ་པ་ག་རེ་ཡིན་ནམ། དེ་ནི་ལྷད་མ་འདྲེས་པའི་དྭངས་གཙང་གི་བརྩེ་བ་ཞིག་ལས་མཆེད་ཡོང་བ་ཡིན་ནམ། ཡང་ན་མྱོང་བ་ཁྱད་པར་ཅན་གྱི་ལས་ཤིག་སྐྱེ་བ་སྔོན་མ་ནས་བསགས་བཞག་ཡོད་པས་ཡིན་སྲིད། ཁྱོད་དང་འཕྲད་པ་ནི་ཤིན་ཏུ་དགའ་པོ་བྱུང་སོང་། ངའི་ནང་སེམས་ཀྱི་ལྗོན་པར་མཛེས་སྡུག་གི་ལོ་འདབ་སྨིན་བྱུང་། དེ་ནི་ཆེས་འཐོབ་པར་རེ་བའི་ནོར་བུ་ཞིག་གློ་རྡེག་ལ་ལག་ཏུ་སོན་པ་དང་མཚུངས། ཚོར་ཤེས་དེ་ནི་སྨྲ་བསམ་བརྗོད་འདས་ཤིག་གོ།

སྙིང་ཉེ་ལགས། མི་ཚེ་འདིར་ཁྱེད་རང་གཏན་དུ་ང་དང་ཁ་མི་འབྲལ་རོགས་ཟེར་ནས་དམ་བཅའ་འཇོག་རོགས་མི་ཟེར། མ་འོངས་པའི་དོན་དག་སུས་ཀྱང་བཤད་མི་ཤེས། ནམ་ཞིག་འུ་གཉིས་ཕན་ཚུན་ངོ་ཡང་མི་ཤེས་པའི་དུས་སྐབས་ཤིག་ཡོད་ཀྱང་སྲིད། དེ་ལྟར་མི་ཡོང་བའི་དན་རྟགས་སུས་ཀྱང་མི་ཐུབ། འོན་ཏང་། གཉིད་མི་ཁུག་པའི་མཚན་མོ་རེ་རེར། རྒྱུས་ཡོད་པ་འདྲ་ཡང་རྒྱུས་ཅི་ཡང་མེད་པའི་ཁྱེད་རང་། ངའི་སྒེའུ་ཁུང་གི་ངོགས་སུ་ཟླ་འོད་བཞིན་ཤར་ཏེ། ང་ལ་ལྷད་མ་འདྲེས་པའི་དུངས་སེམས་ཀྱི་སྐད་ཆ་རྒྱུན་པར་བརྗོད་པ་ནི་ངས་ནམ་ཡང་བརྗེད་མི་སྲིད་དེ། དེ་ནི་ཁེར་རྐྱང་གི་ནང་སེམས་ལ་མཛེས་སྡུག་གི་བརྩེ་བ་སྤྲད་སྟངས་ལེགས་ཤོས་ཤིག་རེད་དོ།།

ངེད་གཉིས་ལ་མཉམ་གཅིག་ཏུ་རྡོ་ཡི་སྡེར་ཁ་བསྒྲིགས་ཏེ་ཕན་ཚུན་ལ་ལོ་སར་ལེགས་སྐྱེས་ཀྱི་ཚུལ་དུ། ཕར་འབུལ་ཚུར་འབུལ་བྱས་མྱོང་བའི་གཏམ་རྒྱུད་སྙིང་རྗེ་བོ་དེ་འདྲ་མེད་ན་ཡང་། བྱིས་བློ་མ་ཡལ་བའི་སྣང་བ་དེ་དག་ནི། ནམ་རྒྱུན་སྐད་ཆ་དང་རྩེད་མཚར་གྱི་ལམ་ནས་འབྱུང་བཞིན་ཡོད་ལ། དེ་དག་གི་སྐབས་ནས་བྱུང་བའི་བག་དྲོ་བའི་གཏམ་རྒྱུད་དེ་དག་ནི། དགུན་གསུམ་གྱི་ལྷགས་པ་འགོག་བྱེད་ཀྱི་མེ་རླབས་ཚ་པོ་ཞིག་སྟེ། ངའི་གདོས་བཅས་ཀྱི་ཕུང་པོ་དང་གསལ་ཞིང་སྣང་བའི་སེམས་པ་གཉིས་དུས་གཅིག་ལ་དྲོད་ལམ་ལམ་བཏང་བྱུང་།

སྤྱི་གསར་ཚེས་པར་ཉེ་བའི་དགོང་མོ་དེར། ངས་སེམས་ཀྱི་བརྩེ་དུངས་གནོན་མ་ཐུབ་པར། མོ་ལ་བརྡ་འཕྲིན་ཞིག་བཏང་།“ཀྱེ་སྙིང་ཉེ་ལགས། ངའི་ནང་སེམས་ཀྱི་མཛེས་སྡུག་མཐའ་དག་ཁྱོད་དང་ལྷན་དུ་བཞད་ཆོག་པར་ཞུ།”ཞེས་ཚིག་དུམ་ཞིག་ལོ་སར་ལེགས་སྐྱེས་ཀྱི་ཚུལ་དུ་མོ་ལ་གློ་རྡེག་ཏུ་ཤོར། དེ་ལྟར་ཤོར་བའི་གླགས་དེར་སེམས་པ་འདར་ཁྱོམ་ཁྱོམ་བྱེད། གློ་རྡེག་ཏུ་བརྡ་འཕྲིན་དེ་འདྲ་ཞིག་བསྐུར་བར་འགྱོད་པ་སྐྱེས། སེམས་པ་འདར་ཁྱོམ་ཁྱོམ་བྱས་པར་རེ་འབྲས་ཡོད་པ་འདྲ་སྟེ། མོས་འཕྲིན་ལན་གནང་བྱུང་། མོས་གཞོན་ཤ་ཆགས་ཤིང་དཀར་ལ་དམར་མདངས་བཀྲ་བ། ཐང་དཀར་གྱི་གཤོག་ཟུང་བརྐྱངས་པ་ལྟ་བུའི་སྨིན་མའི་འོག་ཏུ་ཟླ་བ་ལྟར་གོར་གོར་ཡིན་པའི་མིག་ཟུང་ཆ་གཅིག་གིས་ང་ལ་བལྟས་ཡོད་པ་འདྲ་བའི་མོ་རང་གི་པར་ཞིག་བསྐུར་བྱུང་། དེ་དང་མཉམ་དུ་མོས།”ཐུགས་རྗེ་ཆེ་ལེགས་སྐྱེས་ཡག་པོ་ཞིག་གནང་བྱུང་། ལོ་གསར་པར་ཁྱེད་རང་གི་བྱ་བ་མཐའ་དག་འབད་མེད་ངང་འགྲུབ་པ་དང་། འུ་གཉིས་ཀྱི་དགོད་སྒྲ་དང་མཉམ་དུ་བཞད་པའི་འཚོ་བ་འདི་ཡང་གཏན་དུ་གནས་པར་སྨོན། པར་འདི་ངས་ཁྱོད་ལ་དྲན་རྟེན་གནང་ཡིན་ཞེས་ཟེར་ནས་བསྐུར་བྱུང་།།



  • ལེ་ཚན་སྔོན་མ།:ངག་རིག་གི་གར་མར་བསྔགས་པ་ཀ་མ་ལའི་རང་མདངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།