བདག་གི་ཨ་མ།

ལྕགས་ཐར་རྒྱལ།        2024-07-01

         ནམ་རྒྱུན་འཛུམ་དམུལ་དམུལ་གྱི་ངོ་གདོང་དེ་ལོ་ཟླའི་འཁོར་སྐྱོད་ཀྱི་འགྲོས་དང་འགྲོགས་ནས་འདས་སོང་གི་ལོ་རྒྱུས་ལ་དཀའ་སྡུག་གི་འཚོ་བའི་དན་རྟགས་སུ་བཞག་སྟེ། བསྐྱར་ཟློས་ཀྱི་འཚོ་བའི་ཀློང་རིམ་དུ་ཙག་ཙིག་ལས་ཀའི་ཁྲོད་ནས་རང་གི་ཁྱིམ་ཚང་དང་བུ་ཕྲུག་གི་ཆེད་དུ་དཀའ་ངལ་མཐའ་དག་ལ་གདོང་གཏད་ཐུབ་པ་དེ་ནི་ཁྱེད་ཀྱི་སྙིང་སྟོབས་དང་རང་གཤིས་ཡིན།

ཁྱེད་ནི་བས་མཐའི་དབེན་འཇགས་ཀྱི་ཡུལ་ནས་ཇི་ལྟར་ནར་སོན་པ་མ་ཤེས་ལ། གང་ལྟར་རྒ་བཞིན་པའང་མ་ཚོར་བའི་ཆེས་སྤྱིར་བཏང་གི་འབྲོག་མོ་ཕལ་བ་ཞིག་ཡིན་པས། ཆུང་དུས་ནས་ནོར་ལུག་གི་ངུར་སྒྲ་དང་འབའ་སྒྲའི་ཁྲོད་རྩྭ་ཐང་གི་པང་གཞུང་ནས་ཆར་ཆུ་དང་གྲང་ངར་གྱི་བར་གསེང་ནས་མི་ཚེ་བསྐྱལ་བ་ཞིག་ཡིན་པས། ཨ་མའི་གཏམ་རྒྱུད་ནི་ནོར་གནག་གི་རྗེས་ན་ཡོད་ལ། ཨ་མའི་དགའ་སྐྱོ་ཆགས་སྡང་གི་ཚོར་འགྱུ་མཐའ་དག་ཀྱང་ཆེས་དྭངས་གཙང་གི་རི་སྒང་དེ་རུ་ཡོད། མ་ཎི་ཡི་གེ་དྲུག་མའི་གཟུངས་སྔགས་ནི་ཁྱེད་ཀྱི་དད་སེམས་ཡིན། ནམ་རྒྱུན་ཁྱེད་ནི་རི་ཁའི་འཚོ་བ་མ་ཁོམ་པར་འདུག་པས།སློབ་གྲྭར་འགྲིམས་པའི་གོ་སྐབས་དང་རིག་གནས་སློབ་པའི་སྐལ་བ་ཡེ་ནས་མ་ལྡན། དེ་བས། ཁྱེད་ལ་གཞན་གྱིས་ཡིག་རྨོངས་བ་ཞེས་མིང་ཐོགས་ཡོད། ཡིན་ནའང་། ངའི་སེམས་ཁོངས་སུ་ཁྱེད་ནི་ཅི་ཡང་ཡོད་མཁན་ཞིག་དང་གང་ཡང་རྟོགས་མཁན་ཞིག་རེད་འདོད། དེ་མིན་མེད་པ་ཐམས་ཅད་ཁྱེད་ལ་སློང་ཞིང་། མ་ཤེས་པ་ཐམས་ཅད་ཀྱང་ཁྱེད་ལ་འདྲི་ག་ལ་སྲིད། ད་དུང་། ནམ་རྒྱུན་ཁྱེད་ཀྱིས་ང་ལ་གཅེས་སྐྱོང་གི་ཚུལ་དུ་གདོང་ལ་བྱིལ་བྱིལ་བྱེད་སྐབས། ངའི་བྱིས་བློ་ལ་བདག་གི་ངོ་གདོང་དེ་ནི་ཁྱེད་ཀྱི་མཛུབ་མོའི་ཆ་ཤས་སུ་སྣང་ལ། ཁྱེད་ཀྱི་ཕྱག་ཟུང་གི་སྙིམ་པ་དེས་མཁའ་ཡི་སྤྲིན་དཀར་གྱི་ཕོན་པོ་འགེབས་ཐུབ་ལ། ས་ཡི་མེ་ཏོག་གི་ཚོམ་བུ་ཡང་བཀླུབས་ཐུབ་པར་འདོད།

ཨ་མ་དུས་རྒྱུན་ཞོགས་པའི་སྐྱ་རེངས་དང་འགྲོགས་ནས་མལ་ལས་ལངས་ཏེ། ལྷས་འདབས་ཀྱི་ལྕི་འདམ་དེ་དག་གཅིག་རེ་གཅིག་རེ་བྱས་ནས་ཕུད་ཚར་རྗེས། ཕྱིར་རང་ཁྱིམ་ལ་ལོག་ནས་མེ་ཁ་གསོས་ཏེ་རང་གི་བུ་དང་བུ་ཕྲུག་ནངས་ཇ་འཐུང་བར་སྒུག་ཞོར། བསླུ་མེད་དཀོན་མཆོག་གསུམ་ལ་དད་པ་རྩེ་གཅིག་གིས་མཆོད་པ་ཚར་བདུན་ཕུལ་ཏེ། རང་གི་བུ་དང་བུ་མོའི་ཆེད་བྱ་བ་ལམ་འགྲོ་དང་ནད་མེད་ཚེ་རིང་ཡོང་བའི་སྐྱབས་འཇུག་རེ་ཞུ་སྐབས། ཁྱེད་ཀྱི་དུང་ལྟར་དཀར་བའི་སྐྲ་ལོའི་ཉག་མ་རེ་རེ་དང་། གཞུ་ལྟར་འཁྱོག་ཅིང་སྒུར་ཡོད་པའི་ལུས་པོ་ལ་བལྟས་ན། ངས་ད་གཟོད་ཁྱེད་ཀྱི་བཞིན་ལེགས་མདངས་མཛེས་ཀྱི་ལང་ཚོ་དེ་ལོ་ཟླའི་གཙང་པོས་དེད་ནས་རྒྱང་དུ་བཞུད་ཀྱིན་ཡོད་པ་ག་ལེར་སེམས་ངོགས་སུ་དྲན་སྐུལ་གྱི་ཚུལ་དུ་ཤེས།

ནངས་སྔ་མོར་སྐད་འཇམ་འཇམ་ངང་ངའི་བུ་ལོས་ཟ་མ་ཟ་རན་ལ་ཐོན་འདུག་ཅེས་དང་པོར་འབོད་མཁན་དེ་ཨ་མ་ཡིན་ལ། དགོང་ཉལ་ཁར་སྙིང་ཉེ་ཉེ་ངང་ངའི་བུ་ཕྲུག་འཁྱག་འགྲོ་ཟེར་བཞིན་སྟེང་དུ་ཉལ་ཐུལ་དང་ལྭ་བ་གང་མཐུག་འགེབས་མཁན་དེ་ཡང་ཨ་མ་ཡིན། སློབ་གྲྭ་ནས་ཕྱིར་ལོག་དུས། ཐོག་མར་ཁྱོད་ཀྱི་གམ་དུ་མྱུར་མོར་འོངས་ནས་ངའི་གཅེས་ཕྲུག་མ་དཀའ་འམ་ཞེས་ཐུགས་ནན་ནན་ངང་འདྲི་མཁན་དེ་ཨ་མ་ཡིན་ལ། ཕར་རྒྱང་རིང་ལ་འགྲོ་དགོས་བྱུང་ཚེ། ངའི་གཅེས་ཕྲུག་བྱ་བ་ལམ་འགྲོ་འོང་བར་ཤོག་ཅེས་ཡིད་སེམས་རྩེ་གཅིག་པའི་སྨོན་ལམ་འདེབས་མཁན་དེ་ཡང་ཨ་མ་ཡིན། རྒྱལ་ཁའི་དུས་ལ་ཨ་མའི་དགའ་བ་གསོན་པོ་བཀག་པས་མི་ཁོག་ལ། ཕམ་ཁའི་ཚེ་ལ་ཨ་མའི་སེམས་ཁུར་དང་མདུན་དུ་བསྐྱོད་དགོས་ཚུལ་འཆད་མཁན་དེའང་ཨ་མ་གཅིག་པུ་ལགས། སྐྱིད་པའི་ཉིན་མོར་ཨ་མའི་འཛུམ་མདངས་ཡག་པོ་དེ་ཞལ་ལ་འཁོར་ཏེ། དུས་དང་རྣམ་པ་ཀུན་ཏུ་རང་གི་བུ་དང་བུ་མོར་བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་པ་དང་། སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་དེ་ཨ་མ་ཡིན་ལ། བྱ་བ་གང་ལའང་ལན་དུ་ཅུང་ཙམ་ཡང་མི་བལྟ་ཞིང་རང་གི་བུ་དང་བུ་མོའི་ཆེད་དུ་ཚེ་སྲོག་ཀྱང་ཅི་མི་སྙམ་པར་འབུལ་བ་ལ་སོམ་ཉི་ཟུར་ཙམ་ཡང་བྲལ་བའི་དཔའ་མོ་ངོ་མ་དེ་ཨ་མ་ཡིན་པས། མ་གྱུར་ཅེས་འཇིག་རྟེན་ཆེན་པོ་འདིའི་བཀའ་དྲིན་གྱི་དཔེ་ལ་ཨ་མ་ཁོ་ན་འཇོག་ཅིང་། ཨ་མ་ཁོ་ན་ད་གཟོད་རང་ལ་ཚུལ་འཆོས་དང་། གཡོ་སྒྱུ། ངན་སེམས། ཕྲག་དོག། འགྲན་སེམས། བརླག་སེམས་སོགས་ཀྱི་སེམས་བྱུང་ངན་པའི་དྲི་མས་མ་གོས་པར་དོན་གྱིས་ཤ་ཚ་ཚ་དང་ཐུགས་མཉེས་མཉེས་བྱེད་མཁན་གྱི་གང་ཟག་གཅིག་པུ་དེ་ཡིན་པར་ངེས།

ནམ་རྒྱུན་ང་རང་སློབ་གྲྭ་ནས་ཕྱིར་རང་ཁྱིམ་ལ་ལོག་སྐབས། ཨ་མས་རྩམ་དྲི་འཐུལ་བའི་གཞིས་ཁྱིམ་གྲུ་བཞི་དེའི་ནང་ལོག་ན། ཞིམ་མངར་གྱི་འོ་ཇ་མངར་མོ་ཞིག་བསྐོལ་ནས་སྒུག་ཞོར་ཁྱིམ་དུ་ལོག་ན། ཨ་མས་ཁྱེད་ཀྱི་སློབ་གྲྭའི་ནང་དཀའ་ལས་མྱངས་སོང་ངམ། ལུས་ཀྱི་ཤ་ཇེ་རིད་དུ་སོང་བར་བལྟས་ན་སློབ་གྲྭའི་ནང་ལྟོགས་སྐོམ་མྱངས་སོང་བ་འདྲ། ཞེས་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱས་ནས་ང་ལ་འདྲི་སྐབས། ང་རང་གནོང་འགྱོད་དང་དགོད་ཁ་གཉིས་དུས་མཉམ་དུ་དབང་མེད་དུ་ཤོར་ལ། དུས་རྒྱུན་སློབ་གྲྭའི་ནང་དུ་རང་གིས་ཟ་ཐུབ་ཚོད་དང་འཐུང་ཐུབ་ཚོད་ཀྱིས་འདོད་པ་གང་བའི་བར་དུ་བཟས་རྗེས་ཕྱིར་ཀ་བ་གདུང་ལྕམ་མེད་པའི་སློབ་ཁང་དུ་འོང་ནས་གཉིད་དང་ལེ་ལོ། སྒྱིད་ལུག་སོགས་ཀྱི་དབང་དུ་སོང་ནས་ལོ་ཟླ་མང་པོ་ཞིག་འདས་ཤོར་དུ་བཏང་བ་ཨ་མས་མ་ཚོར་བར། ད་དུང་སྒོར་མོ་དང་ལྭ་བ་གང་དགོས་ན་ང་ལ་ཁ་པར་ཐོངས། ཨ་མས་ཁྱེད་ལ་བསྐུར་ཆོག་ཟེར། སློབ་གྲྭའི་ནང་ནས་རང་གི་ལུས་ཕུང་ལ་བདག་བྱོས། གྲང་གི་མ་འཇུག། ལྟོགས་ཀི་མ་འཇུག་ཅེས་ཟེར་སྐབས། ངའི་སེམས་སུ་ཨ་མ་ལ་འདི་འདྲ་བཤད་རྒྱུ་མང་པོ་ཞིག་འདུག་པ་ལ་ཨང་། དེ་དུས། ཨ་མའི་སྒོར་མོ་དེ་དག་ནི་དཀའ་སྡུག་གི་ལོ་ཟླའི་ཁྲོད་ནས་སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ནས་བཙལ་བ་ཞིག་ཡིན་པ་གཞི་ནས་མ་རྟོགས། ད་ལྟ་ཕྱིར་འདང་རེ་བརྒྱབ་ན་ཨ་མའི་ལྷད་མེད་ཀྱི་བརྩེ་བ་མྱོང་མཁན་ནི་ང་རང་གཅིག་པུ་ཡིན་ནམ།

ངའི་བསམ་མེད་ཀྱི་དྲན་སྣང་ཞིག་ལ། ནམ་ཡང་བརྗེད་དཀའ་བའི་དོན་དག་ཅིག་ཡོད་པ་དེ་ནི་ཕལ་ཆེར་ལོ་ངོ་བཅུ་འདས་ཟིན། འདས་ཟིན་པའི་ཕྱིར་དྲན་མང་པོ་ཞིག་ལོ་ཟླའི་འཚུབ་རླུང་བར་ནས་གར་སོང་མི་ཤེས་མོད། དོན་དེ་ནི་ངའི་བྱིས་དུས་ཀྱི་འཚོ་བ་ལ་སྨྲ་བརྗོད་ལས་འདས་པའི་སྣང་བརྙན་གསར་བ་ཞིག་བཞག དེ་དུས། ངས་ཀྱང་བན་ཆུང་འགྲོ་ས་སྒར་དང་། བུ་མོ་འགྲོ་ས་གནས་ཞེས་པ་ལྟར། ང་རང་ལོ་བརྒྱད་ཀྱི་སྟེང་ནས། ཨ་མའི་མིག་ཆུའི་སྐྱེལ་མ་དང་ངའི་ཞེན་ཆགས་གཉིས་མཉམ་དུ་བསྡོངས་ནས་རྒྱལ་ཁམས་འགྲིམས་ཏེ་རིག་པའི་གནས་མལ་དུ་ཀ་ཁའི་གདངས་དབྱངས་སྙན་མོ་དེ་འཚོལ་དུ་ཆས། དེ་ནི་ངའི་མི་ཚེའི་ནང་རྒྱལ་ཁམས་འགྲིམས་པ་ཐེངས་དང་པོ་ཡིན། ང་རང་ཆུང་དུས་དྲིན་ཆེན་མ་ལོའི་གམ་ནས་ནར་སོན་པ་ཞིག་ཡིན་པས། ཡུལ་གཞན་དང་གང་དུའང་སོང་མྱོང་མེད། དེ་བས་གློ་བུར་ཡུལ་གཞན་དུ་སོང་ན་དེའི་འཚོ་བ་གོམས་ལོབ་མེད་པས། ཨ་མ་དྲན་ནས་མིག་ཆུ་ཤོར་ནས་མལ་ཐལ་རློན་པར་བཏང་བའང་བགྲང་གིས་མི་ལངས། དེ་ལྟར་ཉིན་ཉི་ཤུའི་དུས་ཚོད་ནི་དཔྱིད་ཟླ་འགའི་དུས་ཡུན་དང་འདྲ་བར་ཤིན་ཏུ་རིང་བའི་སྣང་བ་སྐྱེས། མཚན་མོ་ཨ་མ་དྲན་པའི་ངུ་འབོད་དང་ནངས་མོར་སློབ་གྲོགས་ཚོའི་གཅར་རྡུང་གི་ཁྲོད་ནས་ཉིན་མོ་དེ་དག་ཕར་ལ་བསྐྱལ་ཐབས་བྱས་པས། གནང་བ་སྟེར་བའི་དུས་ལ་བསླེབས་སོང་བ་རེད།

དེ་ནས་ངས་འཚབ་འཚུབ་ཀྱི་དངོས་པོ་ལ་སྡུད་གསོག་བྱས་ནས་ཡུལ་ལ་སོང་བ་ཡིན། སྐབས་དེར་ངའི་སྣང་བ་ཞིག་ལ་རང་གི་ལུས་ཀྱི་ཁུར་བོ་ལྗིད་མོ་རྒྱབ་ནས་བླངས་དང་འདྲ་བའི་ཚོར་བ་སྐྱིད་པོ་ཞིག་འདུག། རང་ཁྱིམ་དུ་ཐོན་པ་ན། ཨ་མའི་མིག་ཟུང་མཆི་མའི་བཀང་ནས་ངག་ནས་སྐད་མ་ཁྲོལ་པར་ངའི་སྐེ་ལ་འཇུས། དེ་དུས་ཨ་མའི་མིག་ཆུ་རྡོག་པོ་ཞིག་ངའི་གདོང་ལ་ལྷུང་བས། ངས་ཀྱང་བསྲན་མ་ཐུབ་པར་མིག་ཆུ་དབང་མེད་དུ་ཤོར་སོང་བ་རེད། དེ་ནས་མོས་མྱུར་དུ་རྩམ་པའི་ནང་དུ་མར་རྟ་མགོ་འདྲ་ཞིག་འཕངས་ཏེ་འོ་ཇ་མངར་མོ་ཞིག་ཐོག་ལ་བླུགས་ནས་ང་ལ་བྱིན་རྗེས། ལོ་ངོ་མང་པོ་འགོར་ཡོད་པའི་སྒམ་ཆུང་དེའི་ནང་ནས་སྣུམ་གྱིས་ཟིན་ཡོད་པའི་ཇ་ཤོག་ཅིག་བླངས་ནས་ཁ་ཕྱེས་པ་ན། ནང་དུ་ཡོད་པ་ནི་བལ་ཚྭ་འགོས་ཡོད་པའི་བུ་རམ་གྱི་ཀ་ར་ཞིག་རེད། ཨ་མས་འདི་ནི་འུ་ཚང་གི་ཁྱིམ་མཚེས་ཚང་ལྷ་ས་ནས་ཕྱིར་ཡུལ་ལ་ཐོན་དུས་ང་ལ་བྱིན་པ་ཡིན། ལྷ་སའི་དངོས་པོ་ཡིན། བཟས་ན་ཞིམ་ནི་རེད་ཅེས་ཟེར། ངས་ཨ་མ་ལ་འདི་རུལ་བ་ཞིག་རེད། ངས་ཇི་ལྟར་ཟ། མི་དགོས་ཞེས་སྒོ་རུ་གཡུག་པ་ན། ཨ་མས་སླར་ཡང་མིག་ཆུ་རྡོག་པ་ཞིག་བུ་རམ་བསྡུས་ཡོད་པའི་ཇ་ཤོག་གི་སྟེང་དུ་ལྷུང་། དེ་རྗེས་ང་ལ་བཤད་རྒྱུར། ཟ་མ་འཕྲོ་བརླག་བྱེད་མི་རུང་། འདི་ནི་ཞིང་པ་རྒད་པོ་མང་བོ་ཞིག་གི་དཀའ་སྡུག་གི་འབྲས་བུ་ཡིན། ཁྱོས་མི་ཟ་ན་ངས་ཟ་དང་ཟེར་ནས་ཨ་མ་རང་གིས་བཟས་སོང་།། དེས་ང་ཡང་མི་བདེ་བར་བྱས། དེ་ནས་ང་རང་ཁ་ཕྱིར་འཁོར་ནས་སྒོའི་ཕྱི་རོལ་ཏུ་རྩེད་བར་ཆས་སོ།། དེ་དུས། ངས་དེ་ནི་ཁྱེད་ཀྱིས་རང་གིས་ཟ་མ་བྲ་པར་ངས་བསྐྱུར་བ་ཡིན་པ་ག་ནས་ཤེས།

ཕྱིར་དྲན་གྱི་མཚོ་མོར་ཉ་མོའི་གཤོག་རྩལ་ངོམ་ཚེ། ད་ལྟའང་། ང་ད་དུང་དོན་དེ་ལ་འགྱོད་གདུང་དང་རང་གིས་རང་ལ་ལེ་བདའ་ཡི་ཚོར་འདུ་དྲག་པོ་སྐྱེ་འོང་། དེ་དུས། ངས་ཁྱེད་ཀྱིས་ཨ་མ་ཞེས་པའི་རླབས་ཆེན་གྱི་མིང་དེ་ཁུར་ནས་རླབས་ཆེན་གྱི་འགན་འཁྲི་དེ་འདྲ་ཁུར་ཡོད་པ་གཞི་ནས་མ་རྟོགས། ད་ལྟ་ང་རང་སད་དུས། ཁྱེད་རང་རྒ་བཞིན་འདུག། ངའི་བསམ་པར་ཁྱེད་ཀྱི་ལང་ཚོ་ལ་ལོ་ཟླའི་གས་སྐྱོན་མ་ཕོག་ཚེ། “མགོ་ནག་སྐྱིད་སྡུག་གནམ་གི་ལག། གོ་ཁ་དྲོན་པོ་རང་གི་ལག”ཅེས་པ་ལྟར། ངས་ཁྱེད་ཀྱི་འཚོ་གཞེས་ཀྱི་ལམ་ཁ་རུ་བདེ་སྐྱིད་འཚོ་བ་ཞིག་རོལ་དུ་འཇུག་སྲིད། ཡིན་ན་ཡང་། དེ་ནི་ལོ་ཟླས་སྒུག་མི་སྲིད། དེ་བས། ཁྱེད་ཀྱི་སྐུ་དྲིན་ནི་གང་གིས་ཀྱང་གཞལ་མི་ནུས་སོ།།

གཙང་པོའི་ནང་དུ་འདི་འདྲའི་མ་ཡུམ་གྱི་གཟུགས་བརྙན་ཤར་ཡོད་ཅིང་། བར་སྣང་དུ་རྒྱུ་བའི་སྤྲིན་པ་དང་ས་གཞིའི་རྔམ་ཞིང་བརྗིད་པའི་རི་བོ་དང་ཆུ་མོ་བརྒལ་བའི་དཀའ་སྡུག་གི་ལམ་རིས་དག་དྲན་ཚེ། ཁྱེད་ཀྱི་ལས་དབང་ནི་གནམ་འོག་གི་བརྩེ་བ་མ་ལུས་རང་གི་སྲོག་ལ་བདས་ཤིང་ཉམས་སྣང་ཞིམ་པོ་སྟེར་བའི་མུ་འབྲེལ་གྱི་ལེའུ་རིང་མོ་ཞིག་གོ། 


  • ལེ་ཚན་སྔོན་མ།:སྨིན་དྲུག་ཁྲ་མོའི་འཕྲིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།