ཨ་མའི་སྐུ་དྲིན་དང་བདག་གི་སྐད་ཆ།

༼ བྱང་སྐྱ་རེངས། ༽        2024-06-17

ཨ་མ། ཅི་འདྲའི་སྙིང་ལ་ཉེ་བའི་ཐ་སྙད་ཅིག ཅི་འདྲའི་ཆ་རྒྱུས་ཡོད་པའི་ཐ་སྙད་ཅིག། ཨ་མ་འབོད་དུས། ཨ་མའི་བྱམས་བརྩེ་དྲན་འོང་། ཨ་མ་དྲན་དུས། ཨ་མའི་བཀའ་དྲིན་ཚོར་འོང་།

གང་ཟག་སུ་འདྲ་ཞིག་ཡིན་རུང་། ཚང་མ་ལ་ཨ་མ་རེ་ཡོད། འཇིག་རྟེན་གྱི་ཨ་མ་རྣམས་ཀྱི་སེམས་ནང་རྟག་ཏུ་དྲན་འོང་པ་ནི་རང་གི་བུ་ཕྲུག་དག་གི་བདེ་སྡུག་ཁོ་ན་ཡིན་ལ། རྟག་ཏུ་བསམ་འོང་པ་ཡང་རང་གི་བུ་ཕྲུག་དག་གི་འགྲོ་འདུག་སྤྱོད་ལམ་ལས་གཞན་དུ་ཅི། ཨ་མ་རྣམས་ཀྱིས་རང་གི་བུ་ཕྲུག་དག་གི་ཆེད་དུ་ཟླ་དགུ་ཞག་བཅུའི་ནང་ལ་ཨ་མ་རང་ཉིད་རྒྱུན་དུ་ཆེས་དགའ་སའི་ཟས་ཤིག་བཟའ་འདོད་ཀྱང་། རང་གི་ཁོག་གི་བྱིས་པར་གནོད་པ་དོགས་ནས་མི་བཟའ་བ་དང་། ཆེས་དགའ་སའི་ས་ཆ་ཞིག་ལ་འགྲོ་འདོད་ཀྱང་། སླར་ཡང་རང་གི་ཁོག་གི་བྱིས་པར་གནོད་པ་དོགས་ནས་མི་འགྲོ་བ་ལ་སོགས་རང་གི་ཁོག་གི་བྱིས་པ་མི་ཡུལ་ཁམས་འདིར་མ་སྐྱེས་པའི་སྔ་རོལ་ཞིག་ནས་རང་གི་ཁོག་གི་བྱིས་པའི་འཚར་ལོངས་དང་བདེ་སྡུག་གི་ཐད་ལ་གྲངས་ལས་འདས་པའི་བློས་བཏང་དང་སེམས་ཁྲལ་མང་པོ་ཞིག་གི་མྱུ་གུ་རྒྱས་འགོ་ཚུགས་པ་ཡིན། རང་གི་དཔྲལ་བའི་མིག་དང་། ཁོག་གི་སྙིང་དང་འདྲ་བའི་བྱིས་པ་གང་དེ་འཇིག་རྟེན་མི་ཡུལ་འདིར། ཐོག་མའི་ལྟེ་ཁྲག་འཕོས་ཤིང་། ཐོག་མའི་ངུ་སྒྲ་ས་ཆེན་འདིར་གྲགས་པ་ནས་བཟུང་སྟེ། ཨ་མ་རྣམས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རང་གི་བུ་ཕྲུག་དག་ལ་ཉིན་མཚན་དང་དབྱར་དགུན་སྟོན་དཔྱིད་ཀྱི་དབྱེ་བ་མེད་པར། རང་གི་བུ་ཕྲུག་དག་ཆུ་འགྲམ་ཞིག་ལ་སོང་ན། བུ་ཕྲུག་ཆུ་ཡིས་འཁྱེར་གྱི་དོགས་ཤིང་། རང་གི་བུ་ཕྲུག་དག་བྲག་ལ་འཛེགས་ན། བུ་ཕྲུག་བྲག་ལས་ལྷུང་གི་དོགས་ལ། རང་གི་བུ་ཕྲུག་དག་གནས་ངེས་མེད་གང་སར་མྱུལ་ན། བུ་ཕྲུག་མ་རྙེད་བརླག་གི་དོགས་པ། ད་དུང་ཟས་ཞིམ་པ་དང་། བཅུད་ལེགས་པ། གོས་མཛེས་པ་དང་། རེག་བྱ་འཇམ་པ་ཐམས་ཅད་བུ་ཕྲུག་དག་ལ་སྟེར་ཅིང་། གྲང་ས་སྡུག་སའི་ལས་ཀ་མཐའ་དག་ཨ་མ་རྣམས་ཀྱིས་ལས་ཀྱིན་ཡོད། འཇིག་རྟེན་གྱི་ཨ་མར་ཁོམ་པའི་དུས་ཤིག་ཡེ་ནས་མེད།

དེ་ལྟར་ཡིན་མོད་ཀྱང་། འཇིག་རྟེན་གྱི་ཁ་དཔེར། ཕ་མས་བུ་ཕྲུག་ལ་བསམ་བསམ། བུ་ཕྲུག་གིས་ཕ་མར་ཅི་ལ་བསམ་ཟེར་བ་ལྟར། བུ་ཕྲུག་ལ་ལས་ཨ་མ་རྣམས་ཀྱི་ཉིན་མོའི་ཟས་ཀྱི་བཅུད་དང་། མཚན་མོའི་གཉིད་ཀྱི་རྨི་ལམ་བུ་ཕྲུག་སོ་སོ་ཡིན་པར་ཡེ་ནས་ཚོར་གྱིན་མེད་ལ། བུ་ཕྲུག་འགའ་ཡིས་ཨ་མ་མི་ཡུལ་ལ་གནས་དུས་དྲིན་ལན་གྱི་འདུ་ཤེས་འདོར་བ་དང་། ཨ་མ་ནི་ནུབ་ཁའི་ཉི་མ་ཇི་བཞིན་ཡིན་པས། ནམ་ཞིག་ཨ་མ་འཇིག་རྟེན་དང་གཏན་དུ་གྱེས་དུས་གཞི་ནས་ཨ་མའི་བྱམས་བརྩེའི་ཞལ་རས་དྲན་བཞིན། རང་ཉིད་སྡུག་བསྔལ་གྱི་སྨྲེ་གླུ་འཐེན་གྱིན། སྡུག་བསྔལ་གྱི་མིག་ཆུ་འཐོར་གྱིན། སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་གིན་ཡོད། བུ་ཕྲུག་རེ་འགས་གཞི་ནས་ཨ་མའི་བྱམས་བརྩེའི་ཉི་འོད་རང་གི་སེམས་སུ་ལྷག་པར་དྲོ་བར་ཚོར་ཞིང་། མ་ཟད་ཨ་མའི་བསླབ་བྱ་རྡོ་བརྐོས་ཀྱི་རི་མོ་ཇི་བཞིན་རྟག་ཏུ་མི་ནུབ་སེམས་སུ་བྲིས་ནས། མཐར་དོན་ལྡན་གྱི་མི་ཚེར་རོལ་གྱིན་ཡོད།

ཨ་མ་ལགས། ང་རང་རྒྱང་རིང་ཞིག་ན་མ་འོངས་ཟེར་བའི་དོན་དག་ཅིག་གླེང་གིན་ལམ་དུ་ཐེ་ཚོམ་མེད་པར་ཆས་བཞིན་ཡོད། རེ་འདུན་རུམ་གང་ཁྱེར་ནས་ལམ་དུ་ཐེ་ཚོམ་མེད་པར་ཆས་བཞིན་ཡོད། ལམ་འདིའི་སྟེང་དུ་གོམ་པའི་རྡོག་སྒྲ་སྒྱུར་བཞིན་དུ། ལམ་འདིའི་སྟེང་དུ་དགའ་སྐྱོའི་འཚོ་བར་རོལ་བཞིན་དུ། བདག་གི་དྲན་སླ་བ་ནི་ཨ་མའི་བྱམས་བརྩེའི་འཛུམ་ཞལ་ཡིན་ལ། བཤད་འདོད་པ་ཡང་ཨ་མའི་བརྩེ་བ་དྲོན་མོ་ལས་གཞན་དུ་མེད། ཞོགས་པའི་ཉི་མ་སེར་པོ་ཤར་རིའི་སྤོ་ནས་འཛུམ་པ་དང་ལྷན་དུ་ཨ་མས་ཁ་པར་གྱི་ལམ་ནས་ཐག་རིང་གི་ང་ལ་འཚམས་འདྲིའི་ཁ་བརྡ་གནང་གི་ཡོད་ལ། དགོང་མོ་གྲིབ་ནག་གི་ལྭ་བ་སྟུག་པོ་ནོར་འཛིན་སྒེག་མོའི་ལུས་ལ་གཡོགས་ཤིང་། ནུབ་ཁའི་ཉི་མས་མི་ཡུལ་ཁམས་ལ་གྱེས་ཕྱག་ཕུལ་ཞོར་ང་ཚོ་སླར་ཡང་སང་ཉིན་མཇལ་ཡོང་ཟེར་དུས། ཕ་ཡུལ་ཞེས་པའི་ལྷིང་འཇགས་ཀྱི་རི་གྲོང་ཆུང་ཆུང་ཞིག་ནས་ཨ་མས་རྒྱང་རིང་གི་ང་ལ་སླར་ཡང་ཉིན་དེའི་འཚོ་བའི་སྐྱིད་སྡུག་མཐའ་དག་ཆུ་མོ་བཞུར་བཞུར་བདག་གི་སེམས་ཀྱི་ཟབ་སར་ཐེངས་གཅིག་བཞུར་བཅུག་གིན་ཡོད་ཅིང་། རྒྱང་རིང་གི་ང་ལ་སེམས་ཁྲལ་གྲངས་མེད་བྱེད་ཀྱིན་ཡོད།

བདག་གི་ཨ་མ་ལགས་ནི་འབྲོག་མོ་ཞིག་ཡིན། མ་ཟད་འབྲོག་མོ་དཀྱུས་མ་ཞིག་ཀྱང་ཡིན། བདག་གི་ཨ་མ་ཁོང་ཉིད་ཆུང་དུས་ནས་བཟུང་སྟེ་ཤེས་རིག་གི་བདུད་རྩིར་རོལ་བའི་གོ་སྐབས་ཐོབ་མེད། དེའི་ཕྱིར། བདག་གི་ཨ་མ་ཁོང་ཉིད་ཀ་ངོ་ཆོད་ཙམ་མ་གཏོགས་རིག་གནས་ཀྱི་ཆུ་ཚད་ཧ་ཅང་དམན་པོ་ཡིན། བདག་གི་ཨ་མས་ང་རང་ཐེ་བའི་བུ་ཕྲུག་དྲུག་ཏག་ཏག་བཙས་པ་རེད། དེའི་ཁྲོད་དུ་བདག་གི་གཅུང་མོ་ནི་ལོ་ངོ་བཅུ་གསུམ་བཅུ་བཞི་ཙམ་ལ་སོན་པའི་ཉིན་ཞིག་གློ་བུར་དུ་གཤིན་རྗེའི་ཞགས་པས་གཡོགས་ནས་ང་ཚོ་དང་མི་འདོད་གཏན་དུ་གྱེས་པ་རེད། ང་ཚོ་བུ་ཕྲུག་དག་གི་ནང་ནས་ང་ནི་ཆེ་བ་དེ་རེད།

བདག་གི་ཨ་མ་ལགས་ནི་ལས་ལ་བརྩོན་པ་ཞིག་ཡིན། བདག་གི་དྲན་པའི་མེ་ལོང་ངོས་སུ་གསལ་ལེར་ཤར་འོང་སྟེ། དེ་ཡང་ཁ་བ་ལྷབ་ལྷུབ་ཏུ་བབས་པའི་ཞོགས་པ་ཞིག་རེད། ཁ་བ་རྒྱུན་ཆད་མེད་པར་བབས་པའི་ཞོགས་པ་ཞིག་རེད། མི་སེམས་ལ་སྐྱོ་སྣང་ལྷག་ཏུ་འདྲེན་འོང་པའི་ཞོགས་པ་ཞིག་རེད། དེ་དུས་ང་རང་སློབ་ཆུང་འགྲིམ་བཞིན་ཡོད། ལོ་དེར། ངེད་ཚང་གི་རྨོ་བོ་དྲིན་ཆེན་འཇིག་རྟེན་མི་ཡུལ་དང་གཏན་དུ་ཁ་གྱེས་པ་རེད། དུས་དེ་ནས་བཟུང་སྟེ། ང་ཚོའི་ཁྱིམ་གྱི་སྒོ་ཕྱི་ནང་གི་ལས་ཀ་ཕལ་མོ་ཆེ་ནི་བདག་གི་ཨ་ཕ་ཕུད། གཞན་ང་ཚོ་བུ་ཕྲུག་དག་ནི་འཚར་ལོངས་ཡོང་སྒང་དང་། ལང་ཚོའི་ཁོ་ལག་མ་རྒྱས་པ། ལོ་ན་ཕྲ་སྒང་ལ་སོགས་ཡིན་པས་ཨ་མ་གཅིག་པུས་ལས་དགོས་ཀྱི་ཡོད། ཁོང་ཉིད་ཉིན་མོར་རི་འགོར་གནག་རྫིར་འགྲོ་བ་དང་། དགོང་མོར་ཁྱིམ་ལ་འབྱོར་རྗེས་ཁྱིམ་ལས་དང་བུ་ཕྲུག་སྙོར་སྐྱོང་ལ་སོགས་ཚར་རྒྱུ་མེད་པའི་ལས་ཀ་རྐྱང་རྐྱང་ལ་བྲེལ་དགོས་ཀྱི་ཡོད་པས། བདག་གི་ཨ་མ་ལགས་ནི་ང་ཚོའི་ཁྱིམ་མི་ཚང་མའི་ནང་ནས་དཀའ་ལས་ཆེ་ཤོས་དེ་ཡིན། ཁོང་གི་ལང་ཚོ་ནི་ཁྱིམ་ཚང་གི་བདེ་སྐྱིད་ལ་སྐྱེས་སུ་ཕུལ་ཅིང་། ཁོང་གི་ཕུགས་བསམ་ཆེ་ཤོས་ནི་རང་གི་བུ་ཕྲུག་དག་ལ་ཤེས་རིག་ཡོན་ཏན་ལྡན་པ་དང་། གཞན་ཕན་ལྷག་བསམ་མངའ་བ། མི་སྨོན་རང་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་ཐུབ་ན་སྙམ་པ་དེ་ཁོ་ན་ཡིན།

ཨ་མ་ལགས། ཁྱེད་རང་སྐུ་ལས་ཁག་སོང་། ད་ནི་ཁྱེད་རང་གི་གཅེས་ཕྲུག་རྒན་པ་ང་རང་ནར་སོན་ཡོད། ཁྱེད་རང་གི་ང་ཚོའི་ཁྱིམ་ཚང་འདི་དང་ལྷག་པར་བུ་ཕྲུག་དག་གི་ཆེད་དུ་དཀའ་སྡུག་གི་རྔུལ་ཆུའི་ཐིགས་པ་གྲངས་ལས་འདས་པ་བཞུར་མྱོང་བ་བདག་གི་སེམས་ན་གསལ་ལེར་ཡོད་ལ། ང་རང་ཕོ་ལོ་ཉི་ཤུའི་ལ་མོ་བརྒལ་ཟིན་ཡང་། ད་དུང་ཁྱེད་ལ་སེམས་ཁྲལ་མ་གཏོགས་དྲིན་ལན་སྣ་གཅིག་ཀྱང་འཇལ་རྒྱུ་མ་བྱུང་བས་དགོངས་དག་ཞུ། བུ་ལོ་ང་རང་འཇོན་ཐང་དང་རིན་ཐང་གིས་དབུལ་སོང་། ཨ་མ་ལགས། ཁྱེད་རང་དང་ཨ་ཕ་རྣམ་གཉིས་ཐུགས་བློ་བདེ་མོར་བྱོས་ཤིག། བདག་གིས་ཁྱེད་ཚོའི་བསླབ་བྱ་སེམས་ཀྱི་ཟབ་སར་ཉར་ནས་སྤྱི་ཚོགས་ཟེར་བའི་ཚོགས་སྤྱི་འདི་ལ་ཕན་མ་ཐོགས་ཀྱང་གནོད་མི་བསྐྱལ་བའི་མི་ཞིག་བྱེད་པའི་དམ་ཚིག་གི་མདུད་པ་དམ་ཡོད། རེ་བའི་རི་མོ་གསལ་ཡོད། མ་ཟད་བདག་གི་ཚེ་ཡི་ཉི་གཞོན་ཇི་སྲིད་ནུབ་རིར་མ་བཞུད་དེ་སྲིད་གཅུང་པོ་གཅུང་མོ་དག་ལ་བྱམས་སྐྱོང་ལེགས་པར་བྱ་ངེས། ཁོང་ཚོའི་ཕ་མ་གཉིས་པར་འགྱུར་ཕྱིར་འབད་བརྩོན་གྱི་གོམ་སྟབས་མ་འཁྱོར་ཞིང་། ལྷག་བསམ་གྱི་ཐག་པ་ལྷོད་མི་སྲིད། ཨ་མ་ལགས། གཅུང་པོ་རྒན་པས་ཁྱེད་དང་ཨ་ཕར་སྲི་ཞུ་ཡང་དག་གནང་བའི་ཞོར་དུ་འབྲོག་ལས་ལེགས་པར་བསྐྱང་ངེས། གཅུང་པོ་འབྲིང་བས་སློབ་སྦྱོང་རྣལ་མ་གནང་ནས་ཤེས་ལྡན་གྱི་མི་སྣ་ཞིག་ཏུ་འགྱུར་བར་བརྩོན་འགྲུས་ཀྱི་རྟ་ཕོར་བཞོན་ནས་ཤེས་རིག་གི་རྩྭ་ཐང་དུ་སྐྱོད་ངེས། གཅེས་སུ་འོས་པའི་གཅུང་མོ་ཁེར་རུ་མས་ཀྱང་གཅུང་པོ་འབྲིང་བ་ཇི་བཞིན་སློབ་ལ་བརྩོན་ངེས། མ་གཞི་གཅུང་མོ་ད་ལྟ་ནས་རིག་གནས་ལ་དད་ཞེན་ལེགས་ཤིང་། ཁྱིམ་ཚང་ལ་ཤ་ཞེན་ཆེ་མོད། འོན་ཀྱང་བདག་གིས་མིག་མདུན་གྱི་ལེགས་ཆ་ཁོ་ནར་གཞི་བཅོལ་ནས་བསམ་གཞིག་གི་བློ་མིག་སྣང་མེད་ངང་རྒྱབ་ཏུ་བསྐྱུར་མི་སྲིད། བདག་གིས་གཅུང་མོར་མུ་མཐུད་ནས་སློབ་སྦྱོང་གི་ཐད་ལ་འབད་བརྩོན་གྱི་གོམ་སྟབས་ལྷོད་མི་རུང་བའི་ཡར་བརྩོན་གྱི་སྟོབས་ཤུགས་སྦྱིན་ངེས། གཅུང་པོ་ཆུང་བ་ནི་ད་ལྟ་ལོ་ན་ཕྲ་མོད། རེད་དེ། གཏམ་དཔེར། མི་ཞིག་དགོས་ན་ཆུང་དུས་ནས། རྟ་ཞིག་དགོས་ན་རྟེའུ་ནས་ཟེར་བ་མ་ཡིན་ནམ། ལོ་ན་ཕྲ་ཡང་ཆུང་དུས་ནས་ཀུན་སྤྱོད་དང་རིག་གནས་ཀྱི་འདུ་ཤེས་ལེགས་ལམ་དུ་འགྲོ་བའི་ཕྱོགས་སུ་བདག་གིས་ནུས་པ་གང་ཡོད་འདོན་ངེས། བདག་གིས་གཅུང་པོ་གསུམ་དང་གཅུང་མོ་བཅས་ལ། གལ་ཏེ་འཇིག་རྟེན་འདི་རུ་ཡང་དག་པའི་བཀའ་དྲིན་ཞིག་ཡོད་ན། དེ་ནི་ཕ་མའི་བཀའ་དྲིན་ལས་གཞན་དུ་མེད་ཅེས་པའི་ངེས་ཤེས་ཀྱི་ས་བོན་ཆུང་དུས་ནས་ཁོ་ཚོའི་སེམས་ཀྱི་ཞིང་སར་འདེབས་ངེས། མཐུན་སྒྲིལ་གྱི་མེ་ཏོག་ང་ཚོའི་ཡིད་ཀྱི་སྤང་ལྗོངས་སུ་བཞད་ངེས། ཨ་མ་ལགས། ད་ནི་ང་ཚོ་ལ་སེམས་ཁྲལ་བྱ་རྒྱུ་ཅིས་ཀྱང་ཉུང་ཙམ་གནང་རོགས། ཚེ་ཕྱི་མའི་ལམ་རྒྱགས་ལ་ད་ལྟ་ནས་སྟ་གོན་ལེགས་པར་བྱེད་རོགས། ཁ་དཔེར། ཆུ་མ་ཤོར་གོང་ནས་ཆུ་རགས་ཞེས་ཟེར་བ་མ་ཡིན་ནམ། ལྷག་པར་ངེད་ཚོའི་གཅུང་མོ་འདས་མོའི་སྣང་ཚུལ་ལས་ང་ཚོར་མི་རྟག་པའི་རང་བཞིན་གསལ་དུ་བཏང་བ་མ་ཡིན་ནམ།

ཨ་མ་ལགས། ཁྱེད་རང་ལ་ཆ་མཚོན་ན། ངེད་ཚོའི་ཁྱིམ་ཚང་འདི་དང་བུ་ཕྲུག་དག་ནི་ཁྱེད་ཀྱི་ཡོད་ཚད་ཀྱི་ཡོད་ཚད་ཡིན་ལ། ཁྱེད་ཀྱི་མི་ཚེའི་རིན་ཐང་མངོན་སའི་གར་སྟེགས་ཀྱང་ཁྱིམ་ཚང་འདི་དང་བུ་ཕྲུག་དག་ཡིན། བདག་གིས་ཨ་མ་ཁྱེད་རང་གི་སེམས་ཀྱི་རྡོག་ཁྲེས་ཡང་དུ་གཏོང་བའི་ཚབ་མཚོན་དུ་ཁྱིམ་ཚང་འདི་དང་བུ་ཕྲུག་དག་གི་བདེ་སྡུག་ལ་རྒྱུན་དུ་དོ་སྣང་དང་གཙིགས་ཆེན་བྱེད་ངེས། འདི་ནི་བདག་གི་ཁྱེད་རང་གི་རྒྱ་མཚོ་ལས་གཏིང་ཟབ་ཅིང་། རི་རབ་ལས་དཔངས་མཐོ་བའི་དྲིན་བྱས་དྲིན་དུ་གཟོ་བའི་ཐབས་ལམ་གཞན་ཞིག་ཀྱང་ཡིན་པར་འདོད།

ཨ་མ་ལགས། ད་ལྟ་བདག་གི་སེམས་ན་རེ་བ་ཉག་གཅིག་རང་ཡོད་དེ། དེ་ནི་ཨ་མ་ཁྱེད་ཀྱིས་དུས་རྟག་ཏུ། རང་གི་སྐུ་གཟུགས་ལ་དཔྲལ་བའི་མིག་འབྲས་ཇི་བཞིན། ཁོག་པའི་སྙིང་དམར་ཇི་བཞིན་གཅེས་རོགས་ཞུ། ཨ་མ་ཁྱེད་རང་བདེ་ཞིང་སྐྱིད་ཅིག་བྱུང་ན། དེ་ནི་ངེད་ཚོའི་ཁྱིམ་ཚང་གི་བདེ་སྐྱིད་ཡིན་ལ། སྒོས་སུ་བུ་ཕྲུག་དག་གི་རེ་བ་ཡང་ཡིན། ཨ་མ་དྲིན་ཆེན་ནད་མེད་ཚེ་རིང་དང་། དགའ་དགའ་སྤྲོ་སྤྲོ། སེམས་ན་སྡུག་བསྔལ་མེད་པར་སྨོན། ལུས་ཀྱི་བར་ཐག་ག་ཙམ་ཡོད་ཀྱང་། སེམས་ཀྱི་བར་ཐག་གང་ཡང་ལྷག་མེད་པའི་དྲིན་ཆེན་གྱི་ཨ་མ་ལགས། གླེང་ན་མི་ཚར་ཞིང་། བྲིས་ན་མི་རྫོགས་པའི་བྱམས་བརྩེའི་བདག་མོ་ཨ་མ་ལགས།།

  • ལེ་ཚན་སྔོན་མ།:དོ་ནུབ་ཨ་ཕ་ལྷག་ཏུ་དྲན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།