སྟོན་དུས་དང་བདག་གི་འཆར་ཡན།

༼ བྲན། ༽        2024-06-11

ཐོག་བརྩེགས་བདུན་པའི་དཔེ་ཁང་གི་སྒེའུ་ཁུང་འགྲམ་དུ་དལ་གྱིས་འགྲེངས་ནས་ཕྱི་རོལ་གྱི་ཁོར་ཡུག་ཀུན་ལ་མིག་ཞགས་ཐེངས་ཤིག་འཕེན་སྐབས།དྲན་འཛིན་གྱི་ཡོལ་བའི་ངོས་ལ་ཡང་དང་བསྐྱར་དུ་ཕབ་པའི་ལྗང་མདོག་གི་ལྗོངས་རྣམ་དེ་ནི།དེ་རིང་སུ་ཞིག་གི་སེམས་ཀྱི་ཆེས་གཉོམ་ས་དེ་སྒུལ་འདོད་པའི་ཟོལ་གྱིས་གསེར་མདོག་གི་མཛེས་ཉམས་ཤིག་ལྷོད་ཀྱིས་དོད་འདུག་པ་རྟོགས།སྐབས་དེར་ཁོ་བོའི་སེམས་ཀྱི་བྱེའུ་ཆུང་ཅི་ཞིག་ལ་རྔམ་པའི་ཚུལ་གྱིས་ལག་པའི་ཡལ་གར་གཤོག་ཟུང་གིས་ཡང་དང་བསྐྱར་དུ་བརྡབས་སྟབས་ཕྱི་གསལ་ནང་གསལ་དུ་སྣང་བའི་སྒེའུ་ཁུང་དེ་དལ་གྱིས་ཕྱེ་དགོས་བྱུང་ལ།འཕྲལ་མར་རླུང་བུ་འཇམ་པོའི་ཚོགས་ཤིག་བྱང་ཐང་གི་འབྲོང་ཁྱུ་ཤོར་བ་བཞིན་ཁོ་བོའི་ཁ་དང་སྣ་སྒོ་མེད་པར་ལུས་ཀྱི་སྡོམ་རྒྱ་ལྟར་བཀྲམས་པའི་རྩ་ལམ་ཡོངས་རྫོགས་གཤགས་ནས་གཤར་ཞིང་།དྲན་པའི་བྱེའུ་ཆུང་གི་གཤོག་རྡེབ་ཀྱང་ཡུད་ཙམ་ལ་ཡལ་ཏེ་རླུང་བུའི་རྒྱུ་ཕྱོགས་ལ་གཏད་དེ་མགོ་ལུས་མེད་པར་འདར་ཡོམ་ཐེངས་ཤིག་འབྱུང་བར་གདོང་ལེན་བྱ་དགོས་བྱུང་།འདར་ཡོམ་དེ་ནི་གྲང་བ་ཁོ་ནའང་མ་ཡིན་པར་དབྱར་སྟོན་གཉིས་ཀྱི་དུས་ཚིགས་ཀྱི་བརྗེ་སྤོ་བར་ནས་རྙེད་པའི་མི་སེམས་དང་ལྷད་མེད་པའི་རང་བྱུང་ཁམས་བར་ན་ཆེས་སྙིང་ཉེ་ཤོས་ཀྱི་བར་ཐག་ལས་བསྐྱེད་པའི་མཛེས་པ་ཞིག་ཡོད་པ་ར་སྤྲོད་ཐེངས་ཤིག་བྱས་པ་མ་ཡིན་ནམ།ཡུན་གྱིས་རླུང་བུའི་བང་ཁར་བཅིབས་པའི་སྟོན་དུས་ཁོ་ནར་དབང་བའི་དྲི་བསུང་ཞིག་གིས་ཡུན་རིང་ལ་ཧད་ནས་ལུས་པའི་ཁོ་བོའི་སེམས་ཀྱི་བྱེའུ་ཆུང་གི་གཤོག་ཟུང་ཡང་ཡང་བསྒུལ་མཐར།གཉེན་ལྕུག་གི་གཤོག་ཟུང་བརྐྱངས་ཏེ་སྟོན་ཁ་འདིའི་པང་བར་དལ་གྱིས་གཅར་འགོ་བརྩམས།

ཕྱི་གསལ་ནང་གསལ་གྱི་སྒེའུ་ཁུང་གི་ཤེལ་སྒོ་འདི་ནི་ཆེས་ཕྱོགས་སུ་ལྷུང་བ་ཞིག་ཡིན་པ་ངས་གཞི་ནས་ཤེས་ཤིང་།སྟོན་ཁ་ནི་འགུལ་རྣམ་དང་བརྟན་རྣམ་གཉིས་ལས་གྲུབ་པར་བྱས་ཚེ་མི་སེམས་དང་ཆེས་མཐུན་པར་སྣང་བ་ནི་འགུལ་རྣམ་ཡིན་ཏེ།འདི་ནི་རང་བྱུང་ཁམས་དང་ཆེས་ཐག་ཉེ་བའི་ཕྱིར།ཡང་གཅིག་བཤད་ན་དཔེ་ཁང་གི་སྒེའུ་ཁུང་འགྲམ་དུ་འགྲེངས་ནས་ཕྱི་རོལ་དུ་ལྟ་བ་ནི་ཡི་གར་འོང་བའི་བུ་མོ་ཞིག་གི་འདྲ་པར་ལ་ཅེར་ནས་སེམས་ཀྱི་ཕྱི་ནང་ཡོངས་རྫོགས་ཐེངས་ཤིག་སྟོན་མདོག་བསྟན་པ་དང་ཅི་འདྲའི་མཚུངས་ཨང་།

ང་ལ་མཚོན་ན་སྟོན་དུས་ནི་དུས་ཚིགས་བཞིའི་ཁྲོད་ནས་ཆེས་སྙིང་ཉེ་ཤོས་དེ་ཡིན་ཏེ།དུས་ཚིགས་འདིར་སླེབས་སྐབས་ངས་སྡོང་ལོའི་འཕུར་སྐྱོད་ཀྱི་བར་ནས་འཚོ་བའི་འདུ་བྲལ་དང་གྱེས་འཛོམས་སོགས་བར་ཐག་ཁོ་ནས་བསྐྱེད་པའི་མཛེས་པ་ཞིག་མཐོང་ཐུབ་ཅིང་།རོང་བའི་སྟོན་བསྡུ་དང་འབྲོག་པའི་ནོར་གནག་གི་ཤ་ཤེད་ཀྱི་གསེང་ནས་མཆེད་པའི་དཀའ་སྤྱད་ཀྱི་གྲུབ་འབྲས་གང་ལ་ཡིད་ཚིམ་པའི་ཆེས་ལྷད་མེད་ཀྱི་འཛུམ་མདངས་དེའང་མཐོང་ཐུབ།

དེ་རིང་ཡང་གཅིག་པར་སྣང་སྟེ་སྟོན་གྱི་རུས་གསེང་ནས་ཕྱིར་མངོན་འོང་བའི་གསེར་མདོག་གི་ལྗོངས་རྣམ་འདི་ནི་ན་ཚོད་དར་ལ་བབས་པའི་གཞོན་ནུ་མ་ཞིག་གི་བཞིན་རས་བཞིན་ཅི་འདྲའི་ཡིད་གར་འོང་བ་ཞིག་རེད་ཨང་།སྟོན་རླུང་གི་སྟངས་སྟབས་དང་ལྷན་དུ་ལྗོན་ཤིང་དག་དལ་གྱིས་འགུལ་བ་ནི་གཞོན་ནུ་མ་གང་དེ་ཁ་སྐྱེངས་པའི་ཚུལ་གྱིས་མིག་ཟུང་ལྷེམ་ཙམ་ལྷེམ་ཙམ་བྱེད་ཞོར་གཉེན་ལྕུག་གི་ལུས་པོ་དཀྱོག་ཙམ་དཀྱོག་ཙམ་བྱེད་པ་དང་གཅིག་པར་སྣང་།སྟོན་རླུང་གི་རྒྱུ་ཕྱོགས་ཁྲོད་ན་སྡོང་ལོ་དག་རང་དབང་གིས་གར་སྟབས་སྒྱུར་ཞོར་ཅི་ཞིག་འཚོལ་དགོས་པའི་ཚུལ་གྱིས་རྒྱུགས་ལ།ཅི་ཞིག་བློས་བཏང་ཚར་བའི་ཚུལ་གྱིས་ཀྱང་འོང་།བར་གླེགས་འདི་ནས་ངས་མི་སེམས་ནི་ཆེས་ཞིབ་ཆ་མེད་པ་ཞིག་ཡིན་པའང་རབ་རིབ་ཏུ་རྟོགས་ཏེ། མི་ནི་ཕུགས་བསམ་དང་འདུན་པ་ཞེས་རང་ལ་ཐོབ་དཀའ་བ་ཞིག་ལ་ཤི་འཐབ་རོ་འཐབ་བྱེད་པར་དགའ་ཞིང་། རང་དང་ཆེས་ཐག་ཉེ་ཞིང་རང་ལ་ཐོབ་ཤ་སྟག་ཏུ་གྱུར་པའི་མཛེས་པ་འདི་དག་ལ་སེམས་ལྷོད་ལ་བབས་ཏེ་རོལ་མྱོང་ཐེངས་རེ་བྱེད་ཐུབ་མཁན་ནི་ཉིན་མོའི་སྐར་མ་ལྟར་འདུག་པའི་གནས་ལུགས་ཤིག་ཀྱང་དལ་གྱིས་ཤེས།

ང་ནི་ཅི་ཞིག་འཚོལ་བར་རྔམ་དྲགས་པའི་སྡོང་ལོ་དེ་དག་དང་འདྲ་བར་སྟོན་རླུང་གི་རྒྱུ་ཕྱོགས་དང་བསྟུན་ཏེ་གནས་འདིའི་སྟོན་ཁའི་ལྗོངས་རྣམ་ལ་ཅེར་ཏེ་ཧད་སྐབས།ངས་རང་ཉིད་ནི་སྟབས་མུར་ཁྱུར་མིད་དུ་གཏང་ཨེ་འགྲོ་སྙམ་པའི་ས་མཐའི་གྲོང་ཁྱེར་འདིའི་ཆེས་ཉག་ཕྲ་བའི་གྲུ་ཟུར་ཞིག་ན་ཞག་གཅིག་གི་མགྲོན་པོའི་ཟོལ་གྱིས་ཧད་ཡོད་པ་གཞི་ནས་ཤེས་ཤིང་།རླབས་ལྟར་འཕྱོ་ལྡིང་བྱེད་བཞིན་པའི་རླངས་འཁོར་གྱི་འགྲོས་ཚད་དང་ཐོག་ལྟར་མྱུར་ཚད་ཆེ་བའི་གློག་དཀར་སེར་དམར་ལྗང་གི་བརྗེ་སྤོ་ལས་ངའི་མང་པོ་ཞིག་བོར་ནས་ཚར་གྱིན་ཡོད་པ་རྟོགས་ཤིང་།ལྷག་ཏུ་གླུ་བརྒྱ་གདངས་གཅིག་ལྟ་བུའི་གྲོང་ཁྱེར་གྱི་འཚོ་བ་འདིས་ངའི་ཕྱིའི་ཤ་ཁྲག་ཙམ་མ་ཡིན་པར་ནང་གི་རྣམ་ཤེས་ཀུན་པོར་བརྡབ་གསིག་ག་འདྲ་ཞིག་ཐེབས་ཀྱིན་པ་དེ་རིང་གཞི་ནས་ཚོར།དེ་ཡང་ཡིན་ཏེ།གྲོང་ཁྱེར་གྱི་དུས་ཚིགས་བཞིའི་འགྱུར་ལྡོག་ནི་ལྭ་བའི་མཐུག་སྲབ་ཙམ་ལས་གང་ཡང་མིན་ལ།ལྭ་བ་ཇེ་མཐུག་ཏུ་འགྱུར་བཞིན་པའི་དུས་སྐབས་ནི་གྲོང་ཁྱེར་འདིའི་སྟོན་དང་དགུན་གྱི་གོམ་སྟབས་ཡིན་ཞིང་།ལྭ་བ་ཇེ་སྲབ་ཏུ་འགྱུར་བཞིན་པའི་བར་གླེགས་ནི་གྲོང་ཁྱེར་འདིའི་དཔྱིད་ནས་དབྱར་གྱི་འཚོ་བའི་ཉམས་འགྱུར་ཡིན།དེ་འདྲ་ཡིན་ཙང་།ཕ་ཡུལ་གྱི་དུས་ཚིགས་ལ་གོམས་ཤིང་འདྲིས་ལ།ལྷག་ཏུ་ཕ་ཡུལ་གྱི་རྩྭ་ཐང་གི་དུས་བཞིའི་འགྱུར་ལྡོག་ལས་བསྐྱེད་པའི་མི་སེམས་ཀྱི་འགྱུར་བག་དག་ལ་ཡོངས་སུ་སིམ་པའི་ང་ལ་མཚོན་ཚེ་མིག་སྔར་གྱི་འཚོ་བ་འདི་ནི་ཅི་འདྲའི་སྐྱ་ཟད་སྔོ་སྡུག་ཅིག་རེད་ཨང་།

ཕ་ཡུལ་ལ་མཚོན་ཚེ།ལྷག་ཏུ་ཕ་ཡུལ་གྱི་རྩྭ་ཐང་ལ་མཚོན་ཚེ་དུས་ཚིགས་བཞིའི་འགྱུར་ལྡོག་རེ་རེ་ནི་འཚོ་བ་གསར་པ་རེའི་འགོ་བཟུང་ཞིང་འཚོ་བ་རྙིང་པ་རེའི་མཇུག་རྫོགས་པའི་བར་གླེགས་རེ་རེ་ཡིན།ཡང་གཅིག་བཤད་ན་དུས་ཚིགས་གསར་པ་རེ་རེར་སླེབས་པ་ནི་མིའི་ཕྱི་ནང་གནས་བབ་ཡོངས་ལ་གད་བརྡར་ཐེངས་རེ་བྱས་པའི་ཚུལ་དུ་ཡིན།ད་ལྟའི་ཕ་ཡུལ་ལ་མཚོན་ཚེ་ནོར་གནག་གི་ཤ་ཤེད་རྒྱས་ཤིང་འོ་ཞོའི་འཕེལ་ཁ་དར་བ་ཁོ་ན་ཙམ་མ་ཡིན་པར་དབྱར་ཁ་ཁོ་ནས་གཙེས་ཤིང་དུབ་པར་གྱུར་པའི་ཡུལ་མི་རྣམས་ལ་སེམས་ལྷོད་ལ་འབབ་ཐུབ་སའི་གནས་མལ་ཐེངས་ཤིག་སྦྱིན་པ།ལས་གང་ཞིག་ལ་ཡུན་རིང་འབད་དེ་སུན་པར་གྱུར་པའི་སྐབས་ཡང་བསྐྱར་གསོན་ཤུགས་ཐེངས་ཤིག་སྦྱིན་པའི་ཟོལ་དུའང་སྣང་། དེ་ནི་ཅི་འདྲའི་མི་སེམས་ལ་བདེ་བ་སྟེར་བྱེད་ཅིག་རེད་ཨང་། ཡིན་ནའང་།ང་ནི་ཏན་ཏན་དེ་ལས་ལྡོག་སྟེ་དྲན་འཛིན་གྱི་ཡོལ་བའི་ངོས་ན་སྣང་ལ་མ་སྣང་བའི་བག་ཆགས་ཙམ་ལས་གང་ཡང་མེད།དེ་དག་ཀྱང་དུས་ཚོད་ཀྱིས་ཡང་དང་བསྐྱར་དུ་གཏུབ་ཅིང་བཅད་པའི་ལྷག་འཕྲོ་ཙམ་རེད།

ཡུན་རིང་ལ་བསམ་ཚེ་ང་ནི་ཅི་ཞིག་འཚོལ་འདོད་ཀྱིས་སྟོན་རླུང་གི་བང་ཁ་ན་བྲེལ་སྟབས་ཀྱིས་འཕྱོ་བཞིན་པའི་སྡོང་ལོ་དེ་དག་ལས་གང་ལ་ཡང་མ་སོང་བར་འདོད་དེ།ཕ་ཡུལ་གྱི་སྟོན་ཁའི་དུས་ཚིགས་འདི་དང་བར་ཐག་གིས་བཅད་དེ་མི་ལོ་བཅུ་དྲུག་ལྷག་འགོར་ཞིང་།མི་ལོ་བཅུ་དྲུག་གི་རྗེས་སུ་ཕ་ཡུལ་གྱི་སྟོན་ཁའི་ཉམས་དགའ་བའི་སྣང་ཚུལ་དག་ནི་ལོ་ངོ་བཅུ་དྲུག་གི་སྔོན་གྱི་ད་ལྟའི་བག་ཆགས་འདིས་ཚབ་བྱེད་མདོག་སྟོན་པ་ནི་ཅི་འདྲའི་བྱིས་བློ་ཞིག་རེད་ཨང་།ལྷག་ཏུ་གྲོང་ཁྱེར་ནས་གྲོང་ཁྱེར་བརྒྱུད་དེ་ཆ་རྒྱུས་མེད་པའི་མི་ཚོགས་ཤིག་གི་གསེང་ལ་ཨུ་ཚུགས་ཀྱིས་འཚང་དགོས་པའི་འཚོ་བའི་གདམ་ཀ་འདིས་རང་ཉིད་ནི་དུས་ཚོད་སྐར་ཆ་ཙམ་ལ་ཡང་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་རྟ་ནོར་ལུག་གསུམ།དབྱར་དགུན་སྟོན་དཔྱིད།རྩྭ་ཐང་དང་སྤང་རི།ཡུལ་མི་སྤུན་མཆེད་དང་ཁ་ཐག་ཇེ་རིང་ནས་ཇེ་རིང་དུ་སྐྱེད་ཀྱིན་པ་འདི་ནི་ཇི་འདྲའི་མི་སེམས་ལ་ན་ཟུག་སློང་བྱེད་ཅིག་རེད་ཨང་།།

  • ལེ་ཚན་སྔོན་མ།:བདག་གི་ཨ་ཁུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།