འཁོར་བ།

༼ གཞི་ཚང་ཟླ་བ་གྲགས་པ། ༽        2024-06-11

གངས་ཆུ་ཕུ་ནས་ཞུ་བྱུང་།།

གཤོང་གི་ས་གཞི་དྲོས་བྱུང་།།

བསང་མཆོད་ལྷ་ལ་ཕུལ་ནས།།

ངོས་སྙོམས་ཡངས་པའི་ཞིང་ལ།།

རྨོ་རྐོ་སོ་ནམ་བྱས་ཡོད།།

ལྗང་སྨྱུག་ཚེ་རིང་ལོ་བརྒྱ།།

མི་སྐྱེ་མི་འཁྲུངས་མ་གསུང་།།

སྒྲ་རྒྱལ་འབྲུག་ཆེན་གྲགས་བྱུང་།།

དྲག་ཆར་ཤྭ་འོད་རྒྱས་བྱུང་།།

ལོ་ནད་སེར་ལམ་བཅད་ནས།།

བྱང་ཁོག་སྟོད་ཀྱི་ལྡུམ་རར།།

མིག་གི་ཨ་འབྲས་གཏད་ཡོད།།

སེམས་ཀྱི་ཨུཏྤལ་སྔོན་པོ།།

བཞད་ཙམ་གནང་ན་ཨེ་ཆོག།

ལྗོན་པ་རླུང་གིས་བསྒུལ་བྱུང་།།

སྡོང་ལོར་སེར་ཐིག་མངོན་བྱུང་།།

གཡའ་དག་ནམ་མཁའི་དཀྱིལ་ནས།།

ཟླ་གཞོན་འཆར་ཡོང་བསམས་ནས།།

གཙང་འགྲམ་ངང་སྒུག་བྱས་ཡོད།།

རླུང་བུ་གཡུག་གཡུག་མ་གནང་།།

སྤྲིན་པས་བར་ཆད་བྱེད་ཡོང་།།

རི་ལུང་གངས་ཀྱིས་བཟུང་བྱུང་།།

ཆུ་བོར་འགྲམ་དར་ཆགས་བྱུང་།།

དཔྱིད་ཀྱི་དཔལ་མོ་བསམས་ནས།།

ཁ་འདར་ཁོག་འདར་བྱས་ཀྱང་།།

ཉི་མ་སེམས་ཀྱིས་བསྒོམས་ཡོད།།

མཆོང་རི་སྨུག་པོར་འཐིབས་པའི།།

སྨག་འདི་གཙང་སེལ་བྱོས་དང་།།

ལོ་འཁོར་དུས་ཀྱིས་བཟས་སོང་།།

དུས་བཞི་ཟླ་བས་བརླགས་སོང་།།

ཟླ་བ་ཉི་མས་བཅོམ་སོང་།།

ཉིན་ཞག་སྐར་མས་གཏུབས་སོང་།།

འཁོར་བ་རྒྱ་མཚོའི་ཀློང་ནས།།

ང་རང་འཁོར་ལོ་བཞིན་དུ།།

འདི་ལྟར་འཁོར་ཞིང་འཁོར་རོ།།

  • ལེ་ཚན་སྔོན་མ།:དབྱངས་ལ་བསྲེས་པའི་འཛུམ་མདངས།
  • ལེ་ཚན་རྗེས་མ།:ཚོར་བའི་དབྱར་ཁ་དང་དེའི་མཛེས་པ།