བྱིས་དུས་ལ་ཕུལ་ བའི་ཞུ་འཕྲིན།

༼ རང་མདངས། ༽        2024-06-03

ཕ་སྐད་སྲོག་གི་དབྱུག་པར་རྟེན། །

མ་འོངས་རྒྱང་བཞུད་ལམ་གྱི་བར། །

དབྱངས་གསལ་ཐ་སྙད་ཀྱིས་མཛེས་ཏེ། །

མི་རིགས་ཤིག་གི་བདེན་དོན་འཚོས། །

སྐྲ་སྐྱེས་དབུ་ལོ་གནག་སྣུམ་མཛེས། །

ལྷན་སྐྱེས་ཞལ་རས་སྙིང་རྗེའི་མདངས། །

སྐད་གསང་རིགས་ཀྱི་ཐ་སྙད་འཇེབས། །

ཕ་མེས་ཐུགས་དམ་རྗེས་སུ་ཟུངས། །

ཕྱི་ཆས་བོད་ཀྱི་རྒྱན་གོས་ཡག །

ནང་རྒྱུད་བྱམས་དང་སྙིང་རྗེ་བཞད། །

དུང་སེམས་གངས་རིའི་དབུ་ལ་འདྲེན། །

རིགས་ཀྱི་བདག་པོ་ཁྱེད་ཚོར་བཅོལ། །

ནང་སེམས་རྨོངས་མུན་དྲ ་བ་ཀུན། །

ཤེས་རབ་ཉི་མས་རྒྱང་བསྐྲད་ཅིང་། །

ལྷོད་མེད་འབད་པ་དྲག་པོ་ཡིས། །

ཡིད་མུན་སེལ་རོགས་རིགས་ཀྱི་བདག །

ཤོག་དཀར་སྤང་ལྗོངས་སྐྱེད་ཚལ་དུ། །

དབྱངས་གསལ་མེ་ཏོག་སྡུ་གུ་ཅན། །

གངས་ལྗོངས་འཛིན་མའི་མཛེས་བྱེད་དུ། །

རྒྱན་དུ་བཟོས་ཤིག་གཅེས་ཕྲུག་ཚོ། །

ཁ་སེམས་འོ་མཚོ་བསྲུབས་པ་ལས། །

རེ་སྨོན་རྦ་རླབས་འཁྱིལ་བ་འདིས། །

གངས་ལྗོངས་ཡུལ་གྱི་བྱིས་པ་ཚོ། །

རིགས་ཀྱི་བླ་སྲོག་ཁྱེད་ལ་བཅོལ། །

  • ལེ་ཚན་སྔོན་མ།:མཉམ་མགུར།
  • ལེ་ཚན་རྗེས་མ།:ན་ཆུང་བྱིས་པ་ཚོར་སྤྲིངས་པའི་རུས་པའི་སྐད་བརྡ།