རེ་སྐུལ་ཀློང་གི་དབྱངས་རྟ།

༼ གློག་འགྱུ། ༽        2024-06-05

དྭངས་གཙང་སེམས་ཁམས་ཡིད་ཀྱི་མེ་ལོང་ངོས།།

རེ་དོགས་འཁོར་བའི་ཁ་རླངས་མ་ཕོག་པ།།

འཛུམ་དཀར་མེ་ཏོག་བཞད་པའི་ན་ཆུང་ཚོ།།

ལེགས་བཤད་བདུད་རྩི་འཐུང་ལ་རེམ་པར་གྱིས།།

སྲིད་གསུམ་ནོར་རྣམས་གཅིག་ཏུ་སྤུངས་གྱུར་ཀྱང་།།

ཆ་ཙམ་ཁུག་མིན་ཕ་སྐད་མ་ཡིག་འདི།།

མ་འོངས་དར་རྒུད་ཁྱེད་རྣམས་རག་ལས་པས།།

ཀ་ཁ་སློབ་ཤོག་ཁ་བའི་གཅེས་ཕྲུག་ཚོ།།

དཀོན་མཆོག་རྣམ་གསུམ་བསླུ་མེད་སྐྱབས་མཆོག་རེད།།

གསུང་རབ་བཅུ་གཉིས་གསུང་གི་ཚད་མ་ཡིན།།

རིག་པའི་གནས་ལྔ་ཐར་པའི་རྩ་བ་ཡིན།།

འབད་པ་གྱིས་ཤོག་མ་འོངས་བདག་པོ་ཚོ།།

དགེ་རྒན་བཟང་པོ་མི་ཚེའི་ལམ་སྟོན་རེད།།

བསླབ་བྱ་ཟབ་མོ་རིན་ཆེན་ནོར་བུ་ཡིན།།

ཁ་འཇམ་དབྱུག་རྡུང་ཐབས་ཤེས་ཟུང་འབྲེལ་ཡིན།།

བཀའ་ལ་ཉོན་ཤོག་ན་ཆུང་བྱིས་པ་ཚོ།།

ཕ་མའི་གདོང་གི་གཉེར་མ་ཇེ་མང་རེད།།

ལང་ཚོ་ཟེར་ནོ་སྐད་ཅིག་རྨི་ལམ་ཡིན།།

ཁྱིམ་ཚང་འོས་འགན་ཁྱོད་ལ་འབབ་རན་ཡིན།།

རིག་པ་སྒྲིམས་ཤོག་ཕ་མའི་གཅེས་ཕྲུག་ཚོ།།

གནའ་བོའི་སྲོལ་རྒྱུད་མེས་པོའི་ཟུངས་ཁྲག་རེད།།

དེང་གི་འཛུགས་སྐྲུན་ཨ་ཕའི་རྔུལ་ནག་ཡིན།།

གནའ་དེང་ལེགས་ཚོགས་སྐྱོང་བའི་བརྒྱུད་འཛིན་པ།།

སྤོབས་པ་སྐྱེད་ཤོག་གངས་རིའི་ཕྲུ་གུ་ཚོ།།

ཉེར་གཅིག་དུས་ཀྱི་འཕོ་འགྱུར་རབ་ཏུ་འཕྱོ།།

ཚན་རྩལ་རིག་པས་རྒྱལ་ཁམས་ཡུན་ཙམ་བསྐོར།།

ས་ཆེན་གོ་ལ་འཕྲུལ་གྱིས་འགུལ་མཚམས་འདིར།།

གསར་གཏོད་གྱིས་ཤོག་བློ་གསལ་གཞོན་ནུ་ཚོ།།

སྔོན་བྱོན་མེས་དབོན་དག་པའི་ཞིང་དུ་གཤེགས།།

དེང་གི་མཁས་པ་གཅིག་རྗེས་གཉིས་ཐོན་ཕེབས།།

འབྱུང་འགྱུར་ལས་དོན་ཁྱོད་ཚོར་ཐུག་ནས་ཡོད།།

སྙིང་སྟོབས་སྐྱེད་ཤོག་ཁ་བའི་གཅེས་ལོ་ཚོ།།

ཨ་ཕའི་ཡ་ཆུང་ཁོག་གི་ཕྱེད་ཀ་ཡིན།།

ཨ་མའི་བྱམས་བརྩེའི་ཀློང་གི་དྲོད་ཐིགས་ཡིན།།

རེ་བའི་མེ་ཏོག་འཐུ་བའི་ལོ་ཆུང་ཚོས།།

དྲིན་ཆེན་ཕ་མའི་རེ་འདུན་འགྲུབ་པར་སྨོན།།


  • ལེ་ཚན་སྔོན་མ།:བྱིས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།