སེམས་ཀྱི་ཁྱེད།

༼ སྒོ་སེང་། ༽        2024-06-07

ཁྱེད་ཉིད་བདག་གི་སེམས་སུ་

སྤང་ལ་མེ་ཏོག་བཞད་པ་བཞིན།

མཛེས་སྡུག་ལྷང་ལྷང་གིས་བཞད།

ངས་མཛེས་སྡུག་དེ་དག་རྟག་བརྟན་དུ་

འཇལ་རྒྱུ་མ་བྱུང་ཡང་།

ངའི་སེམས་ནས་ནམ་ཡང་འབོར་ཐབས་

བྲལ་བས་ང་ལ་གུ་ཡངས་ཤིག་

གནང་རོགས།

ཁྱོད་ཉིད་བདག་གི་སེམས་སུ་

སྐོམ་གདུང་ལ་རྫ་ཆུ་ཇི་བཞིན།

འདོད་རྔམ་ལ་བསིལ་བསིལ་གྱིས་འབབ།

ངས་བསིལ་བསིལ་གྱི་རྫ་ཆུ་རྒྱུན་དུ་འཐུང་རྒྱུ་

མ་རག་ཀྱང་།

ངའི་སྐོམ་གདུང་གི་འདོད་རྔམ་ནམ་

ཡང་སེམས་ཐབས་བྲལ་བས་

ང་ལ་འཁང་ར་མ་གནང་ཨང་།

ཁྱོད་ཉིད་བདག་གི་སེམས་སུ་

ལུས་ཅན་ལ་གྲིབ་མ་འགྲོགས་པ་ལྟར།

མི་བྲལ་མི་འཐོར་མཐའ་མཇུག་ལ་འགྲོགས་ན་

སེམས་ཀྱི་བདེ་སྐྱིད་ཆད་འགྲོ་བའི་ཞེད་སྣང་

ཞིག་མེད་མོད།

བདག་ལ་ལས་ཀྱིས་ཡང་ན་རྐྱེན་གཞན་

ཞིག་གིས་ཐོབ་པར་མ་གྱུར་མོད།

ང་ཡིས་སེམས་ཀྱིས་ཁྱོད་ཉིད་ནམ་ཡང་

སྲུང་ཆོག་པར་ཞུ།

ངའི་སེམས་སུ་ཁྱོད་ཉིད་ནི་ཆེས་འབོར་ཐབས་

བྲལ་བའི་རྩ་ཆེན་དེ་ཡིན་ལ།

ཁྱོད་ནི་ངའི་སེམས་ཀྱིས་ངེས་པར་འདོར་

དགོས་པའི་རྩ་ཆེན་དེའང་ཡིན།

འོན་ཀྱང་། སྙིང་ཉེ་ལགས། སེམས་ཀྱི་ཁུར་

བོ་དག་ང་རང་གི་སེམས་ཀྱིས་ཐེག་པར་བྱ།

ཁྱེད་ཉིད་རང་གི་ལམ་ཆས་དང་།

ངས་སྨོན་ཚིག་ལྷད་མེད་ཅིག་འདེབས་ཆོག།

  • ལེ་ཚན་སྔོན་མ།:རེ་སྐུལ་ཀློང་གི་དབྱངས་རྟ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།