སྒྲིབ་བྲལ་ངག་གི་དཔལ་འབར་བ།

༼ འདན་རུལ་རྒོལ། ༽        2024-06-17

སྒྲུང་པ་པདྨ་ཡེ་ཤེས་ལ་ཕུལ་བ།

ཚངས་དབྱངས་དྲུག་ཅུའི་འདབ་མ་གྲོལ་བ་ཡི། །

གསུང་གི་དལ་འབབ་འགག་པ་མི་སྲིད་པའི། །

སྙན་འཇེབས་ཀ་ལ་པི་ཀའི་ཟླར་སོང་བའི། །

ཚངས་པའི་སྲས་མོའི་བྱིན་རླབས་ཁྱོད་ལ་ཞུགས། །

སྨྲ་དག་དྭངས་གསལ་རྫ་ཆུ་བཞུར་བ་ལས། །

རབ་སྙན་རླབས་ཀྱི་སྒྲ་དབྱངས་འབུམ་ལྡན་གྲག །

ངག་སྒྲིབ་རྡུལ་གྱི་དྲི་མས་མ་གོས་པའི། །

ཁྱོད་ཀྱིས་སྐྱེ་དགུའི་སྙན་དབང་ཅིག་ཅར་འཕྲོག །

ས་སྒང་འཛམ་གླིང་འཛིན་མའི་ཤར་གྱི་ཆ། །

མཐོ་བོད་བསིལ་མོ་ལྗོངས་ཀྱི་ཞིང་མཆོག་ཏུ། །

ཁྲོམ་ཆེན་ཟིལ་གནོན་གཟི་ཟིལ་མ་ཉམས་པ། །

ངག་ཏུ་ལེན་ནུས་ཁྱོད་ཉིད་ལས་གཞན་སུ། །

ཚན་རྩལ་གློག་གིས་མཛེས་བཅོས་མ་བྱས་ལ། །

སྙན་འཇེབས་པི་ཝང་རམ་འདེགས་དང་བྲལ་ཡང་། །

ལྷུན་གྲུབ་ངག་གི་སྲིད་གསུམ་ཟིལ་གནོན་པའི། །

ཁྱོད་ཀྱི་དབྱངས་ལ་དཔེ་ཞིག་ཇི་ལྟར་འཇོག །

དལ་བ་རིང་མོ་འབྲི་ཆུ་དལ་བབས་འདྲ། །

ཁྱོད་ཀྱིས་ངག་ཏུ་ལེན་དུས་ལྷག་པར་འདྲ། །

དབྱངས་ལ་རྩུབ་ཆ་མེད་ཅིང་སྣ་ཐག་རིང་། །

ཉན་ན་སེམས་ལ་དགའ་སྐྱོ་ཁ་ཆར་འབབ། །

ཇི་ལྟར་ཁྱོད་ཀྱི་མགྲིན་པའི་གླིང་བུ་ལས། །

གྲག་པའི་དབྱངས་ཀྱི་འགྱུར་ཁུག་བརྒྱ་པ་ལ། །

ཇི་ཙམ་ཉན་ཡང་ངོམས་པ་མི་གྱུར་ཏེ། །

སྐོམ་པ་ལན་ཚྭའི་ཆུ་ཡིས་མི་ངོམས་ལྟར། །

ལྗགས་དང་ཚེམས་ཀྱི་རྩེད་འཇོའི་རབ་གསེང་ནས། །

ལྷང་ལྷང་གྲག་པའི་ཐ་ལ་དྲུག་འགྱུར་དབྱངས། །

སིང་སིང་གྲག་པའི་དགུ་སེང་དྲུག་འགྱུར་ངག །

སྐྱེ་དགུའི་རྣ་དབང་གསོ་བའི་ཚངས་པའི་དབྱངས། །

ཚིག་གི་འདེགས་འཇོག་རེ་རེའི་སྒོ་འཕར་ན། །

ཚོགས་དྲུག་ཅིག་ཅར་འགུགས་པའི་མཛེས་སྡུག་ཅན། །

དབྱངས་ཀྱི་འགྱུར་ཁུག་རེ་རེའི་བདེ་མྱུར་ལ། །

སྲིད་གསུམ་སྙན་པ་མ་ལུས་རྫོགས་པ་པོ། །

དབྱངས་གསལ་སོ་བཞིའི་བརྡ་དག་དྭངས་གསལ་ཆུ། །

ཁྱོད་ཀྱི་ངག་ནས་བབས་ན་ལྷག་ཏུ་དྭངས། །

སྒྲུང་རབ་པོད་ཆེན་ཇི་སྙེད་འདོན་པ་ལས། །

ཁྱོད་ཀྱིས་ཡི་གེར་ནོར་བ་བཀླགས་མ་ཤེས། །

གངས་དཀར་ཤེལ་རྫོང་ནང་གི་དབྱངས་རྟ་དག །

ཁ་ཆེ་གཡུ་རྫོང་བཀླགས་པའི་ཡིག་རྩལ་དག །

ཇི་ཙམ་ལོ་ཟླ་འགོར་རུང་རྙིང་མེད་པའི། །

ཁྱོད་ཀྱི་ངག་གི་ཡིད་བཞིན་ནོར་བུ་ལགས། །

  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་ཁ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།