དབྱངས་ཀྱིས་གསོས་པའི་ མེ་ཏོག།

༼ རུས་རྐང་དྭངས་མ། ༽        2024-06-12

ལ་དང་ལུང་པས་ཆོད་པའི་རྗེས་ཤུལ་དུ། །

བརྩེ་འདུན་འོད་ཀྱི་མུ་ཏིག་བཞད་གྱུར་ཀྱང་། །

དྲན་གདུང་དུག་གིས་མནར་བའི་བསིལ་རླུང་གིས། །

གཡུ་ཡི་སྙེ་མ་ཁུར་ཏེ་རིང་དུ་སོང་། །

དབྱངས་ཀྱི་ཟིལ་བ་ཆགས་པ་རུ། །

སྡེབ་ལེགས་ཚིག་གི་རྒྱན་སྤྲས་ནས། །

སེམས་སོང་མི་ཡི་འགྲོ་ལམ་དུ། །

དྲན་ཤིང་ཡུ་བ་ང་ཡིས་བཙུགས། །

སྟོན་མཇུག་ལོ་མ་སེར་པོའི་ངོས། །

གཡུ་ཆུང་དྲུག་དཀར་ཁྲ་བཏགས་ནས། །

རེ་འདུན་ཀློང་གི་རླབས་རིས་སུ། །

དྲན་པའི་གཞས་ཚིག་ང་ཡིས་བྲིས། །

ལོ་ཟླའི་འགྲོས་ཀྱི་རླབས་སྒྲའི་ཁྲོད། །

ཡང་ཡང་སྒུག་པའི་བྱེའུ་ཆུང་གིས། །

མཚམས་སྤྲིན་གཙང་པོར་འཕྲོས་པ་རུ། །

བརྩེ་བ་ལྷག་མའི་སྐད་ཅོར་འདོན། །

རིང་ནས་འདྲིས་པའི་མཛའ་བ་དེ། །

དགུན་གསུམ་རླུང་གིས་ཁྱེར་ན་ཡང་། །

སད་ཀྱིས་མ་བཅོམ་མེ་ཏོག་ཅིག །

ད་དུང་མགོ་ལྕོག་ལྡེམ་མེར་ཡོད། །

རེ་དོགས་འཁོར་བའི་ནགས་ཀླུང་དུ། །

སྒྱུ་མའི་སྟངས་སྟབས་འཁྲབ་པ་ལས། །

བདག་སེམས་བརྩེ་བའི་སྦྲང་ཆར་དེ། །

ཡང་ནས་ཡང་དུ་ཁྱོད་ཕྱོགས་འཁོར། །

མེ་ཏོག་བཞད་སའི་སྒེའུ་ཁང་དུ། །

དབྱངས་ཀྱི་བྱུར་བུར་གཏམས་པ་ན། །

ལས་མཐུན་གཞོན་པའི་ཀུ་མུ་ད། །

བདག་ཡིད་འཕྲོག་པའི་དགའ་མ་ཡིན། །

སེམས་ཀྱི་རྨི་ལམ་དབྱངས་ལ་དྲངས། །

ཚོར་བའི་རླབས་རིས་འོད་ཆེན་འདི། །

འཁོར་བའི་གཤིས་ཀྱི་རྙོག་མ་ལ། །

དྭངས་བྱེད་ཚིག་གི་སྤྲིན་པ་ཡིན། །

བདག་ནི་འདི་ལྟར་དབྱངས་ལ་ཆགས། །

བདག་ནི་འདི་ལྟར་ཚིག་ལ་འཁོར། །

དེའི་ཕྱིར་བརྩོན་པའི་མཐུ་སྨོན་ལས། །

དབྱངས་ཀྱི་རྩ་མདུད་གྲོལ་བར་ཤོག །

ཚེ་སྔོན་ལས་ཀྱི་སྨོན་ལམ་དབྱངས་སུ་གདབ། །

འདི་ཕྱིའི་རེ་བའི་འདུན་པ་ཚིག་གིས་འབྲི། །

དབྱངས་གསལ་ངག་རིག་འདོགས་པའི་ས་འཛིན་དུ། །

སྒྲ་དབྱངས་རྒྱ་མཚོའི་རོལ་མོས་ཁྱབ་པར་ཤོག །


  • ལེ་ཚན་སྔོན་མ།:ཚོར་བའི་དབྱར་ཁ་དང་དེའི་མཛེས་པ།
  • ལེ་ཚན་རྗེས་མ།:ཚངས་དབྱངས་བསིལ་བའི་ཟླ་བ།