ལས་ལམ་གསར་དུ་གཏོད་པའི་དཔའ་མོ་ཞིག། རིགས་རུས་ཤ་ཞེན་ཆེ་བའི་མཛངས་མ་ཞིག། ནས་ཀྱི་ཁོ་ཧྥེ་གཡོས་སྦྱོར་མཁན་མོ་བསོད་ནམས་གཡང་སྐྱིད་ཀྱི་གནས་ཚུལ་རགས་བཀོད།

( མིག་དམར་དོན་འགྲུབ་ཀྱིས་བྲིས།)        2024-06-14

ལས་ལམ་གསར་དུ་གཏོད་པའི་དཔའ་མོ་ཞིག། རིགས་རུས་ཤ་ཞེན་ཆེ་བའི་མཛངས་མ་ཞིག།

ལོ་འགའི་རིང་ལ། བསོད་ནམས་གཡང་སྐྱིད་ཀྱི་མི་ཚེ་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། མོ་རང་ངང་རྒྱུད་འཇམ་པའི་བྱིས་པའི་དགེ་རྒན་ཞིག་ནས་ནས་ཀྱི་ཁོ་ཧྥེ་གཡོས་སྦྱོར་མཁན་མོ་ཞིག་ཏུ་གྱུར་ཡོད། འཚོ་བའི་བརྒྱུད་རིམ་དུ་མོའི་ཐོག་མའི་བསམ་འདུན་ལ་འགྱུར་བ་བྱུང་མ་མྱོང་ཞིང་། གོམ་པ་རིམ་བགྲོད་ཀྱིས་བྱ་གཞག་ལམ་ལྷོང་བྱུང་རྗེས་ཕ་ཡུལ་རྟའུ་ལ་བཅངས་པའི་བརྩེ་དུང་ཉིན་ལྟར་གཉེར་སྐྱོང་གི་བྱ་བའི་ཁྲོད་དུ་འདྲེས་སུ་བཅུག་པ་དང་། བོད་མི་རིགས་ཀྱི་རིག་གནས་དྲིལ་བསྒྲགས་དང་། ཕ་ཡུལ་གྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་འཚོང་བར་རོགས་རམ་བྱས་ཏེ་ལང་ཚོའི་ཉམས་འགྱུར་བཟང་པོས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་བ་དང་དུས་རབས་ཀྱི་ལེའུ་བརྗིད་ཉམས་ལྡན་པ་བརྩམས་ཡོད།

དྲི་བསུང་ཕྱོགས་བཅུར་འཐུལ་བའི་ཁོ་ཧྥེ་ཁྲོད།། མི་ཚེ་ཕུགས་བསམ་མངོན་དུ་འགྱུར་འགོ་བརྩམས།།

2016ལོར། བསོད་ནམས་གཡང་སྐྱིད་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པ་དང་བྱིས་གཉོར་ཁང་ཞིག་གི་དགེ་རྒན་དུ་གྱུར། མོ་ནི་ཞི་ཞིང་འཇམ་ལ་ལས་ཀའི་ནུས་པ་འབུར་དུ་ཐོན་པའི་དགེ་རྒན་ཞིག་ཡིན་ཞིང་། ཁོམ་པ་ཡོད་དུས་ཁོ་རང་ཚོང་ལས་ཕྱོགས་ཀྱི་དཔེ་ཆ་ལྟ་བར་དགའ་བ་དང་། ཁོ་ཧྥེ་ཁང་ལ་འགྲོ་བར་སྤྲོ་བས་ཁོ་ཧྥེར་དགའ་མཁན་མང་པོ་ཞིག་ངོ་ཤེས་པ་དང་། ཁོ་ཚོའི་ཤུགས་རྐྱེན་ལས་མོས་ཁོ་ཧྥེ་བཟོ་བར་སྤྲོ་བ་རབ་ཏུ་བརྟས།

ཁོ་ཧྥེ་དང་འབྲེལ་བ་ཡོད་པའི་ཤེས་བྱ་སྔར་ལས་ལྷག་པའི་སྒོ་ནས་རྒྱུས་ལོན་བྱེད་ཆེད། གཡང་སྐྱིད་ཀྱིས་གུང་གསེང་སྐབས་ས་གནས་དེ་གའི་ཁོ་ཧྥེ་ཁང་ཞིག་ཏུ་སློབ་སྦྱོང་བྱེད་པ་དང་། རིམ་བཞིན་ཁོ་ཧྥེའི་སྲན་མ་འདེམས་པ་དང་སྲོ་བ། ཞིབ་འཐག་བཅས་ཀྱི་བརྒྱུད་རིམ་ལ་རྒྱུས་ལོན་ཟབ་མོ་བྱུང་ཞིང་། ཁོ་ཧྥེ་ལས་རིགས་འདི་ལ་ལྷག་ཏུ་དགའ་བ་ཆབས་ཅིག་ཁོ་ཧྥེ་ཚོང་ཁང་འཛུགས་པའི་བསམ་ཚུལ་ཡང་བྱུང་བ་རེད།

ཁྱིམ་མིའི་རྒྱབ་སྐྱོར་ཐོབ་རྗེས། གཡང་སྐྱིད་ཀྱིས་བྱིས་གཉོར་ཁང་གི་ལས་ཀ་དོར་ནས་ཁྲེང་ཏུའུ་ལ་སོང་སྟེ་ཁོ་ཧྥེ་དང་། ནུབ་ཕྱོགས་ཀྱི་ཁ་ཏོག། བོད་ཟས་བཅས་བཟོ་སྟངས་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས།

སློབ་སྦྱོང་བདེ་བླག་ངང་མཇུག་རྫོགས་རྗེས། གཡང་སྐྱིད་ཕ་ཡུལ་དུ་ལོག་ནས་ཁོ་ཧྥེ་ལས་སྒྲུབ་ཁང་ཞིག་བཙུགས་ཏེ་ཁོ་ཧྥེ་རིག་གནས་འཚོལ་ཞིབ་བྱེད་པའི་ལམ་དུ་ཆས་འགོ་བརྩམས། མོས་རྟའུ་ལ་རྒན་གཞོན་ཚང་མས་ཁོ་ཧྥེ་འཐུང་རྒྱུར་དགའ་པོ་ཡོད་པས་ངས་དགེ་རྒན་གྱི་ལས་གནས་སྐྱུར་བ་དང་། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཁོ་ཧྥེ་ལ་ཞིབ་འཇུག་བྱ་རྒྱུ་དེ་ནི་ཐོག་མའི་འདུན་པ་ཡིན། ངས་ཕ་ཡུལ་གྱི་མི་ཚང་མས་རྟའུ་ཡི་ཁྱད་ཆོས་ལྡན་པའི་ཁོ་ཧྥེ་འཐུང་ཐུབ་པར་རེ་བ་བྱེད་ཀྱིན་ཡོད་ཅེས་བཤད་པ་དང་། མོ་རང་ལ་དགའ་ཞེན་ཡོད་པའི་ལས་ཀ་ཞིག་ལོན་པར་དགའ་བ་བརྒྱ་དང་དུང་བ་སྟོང་གིས་ཁེངས་བཞིན་ཡོད།

གཡང་སྐྱིད་ཀྱིས་ཁོ་ཧྥེ་ཁང་ལ་མཐུད་མཚམས་ཞེས་པའི་བོད་ཀྱི་རིག་གནས་ཁྱད་ཆོས་ལྡན་པའི་མིང་ཞིག་བཏགས་ཡོད། དེའི་དམིགས་ཡུལ་ནི་བོད་མི་རིགས་ཀྱི་ཁྱད་ཆོས་དང་དེང་རབས་ཀྱི་ཚོང་ལས་ཕན་ཚུན་སྤེལ་རེས་དང་འབྲེལ་མཐུད། མཉམ་འདྲེས་བཅས་ཡོང་བའི་ཚོང་ལས་མཉམ་ལས་ཀྱི་བར་སྟོང་ཞིག་བསྐྲུན་རྒྱུ་དེ་ཡིན། མཐུད་མཚམས་ཁོ་ཧྥེ་ཁང་གི་འཛུགས་སྐྲུན་རྒྱུ་ཆ་གཙོ་བོ་ནི་ཤིང་ལས་གྲུབ་ཅིང་བོད་ཁང་སྒྱུ་རྩལ་གྱི་འབྱུང་ཡུལ་ཞེས་མཚན་སྙན་ཡོད་པའི་རྟའུ་ཡི་རྩབ་མཐུད་སྐྲུན་སྟངས་སྤྱད་ཡོད། ད་རུང་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལྡན་པའི་བང་ཁང་དང་སྲ་ཞིང་བརྟན་པའི་རྡོ་ཁང་སོགས་ཀྱི་ཁྱད་ཆོས་དུ་མས་ཡོངས་སུ་བརྒྱན་ཡོད། དེ་མིན་མཛེས་བཟོ་ཇུས་འགོད་ཐད་ཐབས་མཁས་པོའི་སྒོ་ནས་སྦྲ་ནག་དང་ས་གྱང་སོགས་དཔེ་མཚོན་ཅན་གྱི་བོད་མི་རིགས་ཀྱི་གཞི་རྒྱུ་དང་རྒྱུ་ཆ་སྤྱད་ནས་མཛེས་རྒྱན་སྤྲས་པ་དང་། ཕྱོགས་ཡོངས་ནས་ལོ་རྒྱུས་རྒྱུན་རིང་བ་དང་ནང་དོན་གཏིང་ཟབ་པའི་སྲོལ་རྒྱུན་མི་རིགས་རིག་གནས་མངོན་པར་བྱས་ཡོད།

ཚོང་གཉེར་སྣ་མང་གཉེར་ལ་རབ་ཏུ་བརྩོན།།

རིག་འཆར་ཐོན་རྫས་བརྒྱུད་ནས་ཕ་ཡུལ་བསྒྲགས།།

ཉེ་བའི་ལོ་འགའི་རིང་ལ། ཁོ་ཧྥེ་ཁང་ནི་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་བཞིན་ཁྲོན་ནུབ་ཀྱི་གྲོང་རྡལ་སོ་སོར་དར་བ་དང་། མི་མང་པོ་ཞིག་གིས་ཁོ་ཧྥེ་རིག་གནས་ལ་རྒྱུས་ལོན་བྱེད་པར་དགའ་བ་འཕེལ། གཡང་སྐྱིད་ཀྱིས་འབད་བརྩོན་ལྷོད་མེད་བྱས་ནས་ཁོ་ཧྥེའི་མ་བྲོ་མི་ཉམས་པའི་རྨང་གཞི་ཐོག། རྟའུ་ཡི་ནས་ཀྱི་ཁོ་ཧྥེ་ཞེས་པ་གསར་དུ་བཟོས་ཏེ་ནས་ཀྱི་དྲི་ཞིམ་ཁོ་ཧྥེའི་མ་བྲོ་དང་མཉམ་དུ་འཐུལ་ཐུབ་པར་བྱས་ཡོད། མདངས་ཡག་ཅིང་བྲོ་ཐུན་མོང་མ་ཡིན་པ་ཡོད་པའི་ཁོ་ཧྥེའི་ཐོན་རྫས་འདི་བྱུང་མ་ཐག་ས་གནས་དེ་གའི་མང་ཚོགས་དང་ས་ཆ་གཞན་གྱི་ཡུལ་སྐོར་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་ནས་ལྷག་པར་བྲིན་པ་བྱུང་།

མཐུད་མཚམས་ཁོ་ཧྥེ་ཁང་གིས་ཁོ་ཧྥེ་དང་ནུབ་ཕྱོགས་ཀྱི་ཁ་ཏོག། ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་བོད་ཟས་བཅས་བཟོས་ཤིང་ཕྱིར་བཙོངས་པར་མ་ཟད། ནོར་གནག་གི་རྩིད་པས་བཟོས་པའི་རྣམ་པ་སྣ་ཚོགས་ཀྱི་ཁུག་མ་དང་རྟའུ་ཡི་ཁྱད་ཆོས་ལྡན་པའི་ལག་དཀྲིས་དང་། ལག་བཟོས་ཚགས་ཤ་སོགས་ཀྱི་ཐོན་རྫས་སྣ་མང་ཡང་ཕྱིར་འཚོང་བྱས་ཡོད། གཡང་སྐྱིད་ཀྱིས་རིག་གནས་གསར་འཆར་ཐོན་རྫས་འཁྱགས་སྒམ་སྦྱར་བྱད་ལྟ་བུ་ལ་མཚོན་ན་བཀྲ་ཤིས་བདེ་ལེགས་སོགས་གཙོས་པའི་བཀྲ་ཤིས་པ་དང་ཁ་རྗེ་དབང་ཐང་དར་བའི་རི་མོ་དང་ཡི་གེ་བརྐོས་ཡོད་པ་དང་། ནོར་གནག་གི་ཀོ་ཁུག་ནི་ས་གནས་དེ་གའི་འབྲི་གཡག་གི་ཀོ་བ་ལས་བཟོས་ཡོད། ལག་དཀྲིས་ནི་

བོད་གཡུ་ཡིས་བཟོས་ཤིང་བོད་ཀྱི་སླས་སྟངས་སྤྱད་ཡོད་པའི་ཁར་གཡང་ཊི་ནི་གནའ་ནས་བཟུང་བདེ་ཞིང་འབྱོར་བའི་མཚོན་བྱེད་ཡིན་པས་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་དང་འཐོབ་བཞིན་ཡོད་ཅེས་ངོ་སྤྲོད་བྱས།

དྲི་ཞིམ་འཐུལ་བའི་ཁོ་ཧྥེ་དང་སྤུས་ལེགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས། དེ་བཞིན་ཞིམ་མངར་ལྡན་པའི་ཤ་རིགས་ཐོན་རྫས་སོགས་གཡང་སྐྱིད་ཀྱིས་རང་གི་བློ་རིག་རྣམ་དཔྱོད་བརྒྱུད་དེ་དངོས་རྫས་དེ་ཚོ་ཕུན་སུམ་ཚོགས་པའི་སྒོ་ནས་སྡེབ་སྒྲིག་གང་ལེགས་བྱས་ཏེ། རང་ཉིད་ཀྱི་གཉེར་སྐྱོང་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་ཕྱིར་ཚོང་ཡོང་འབབ་མང་དུ་བཏང་བས་མ་ཚད་ད་དུང་གཟུགས་མེད་རིག་གནས་ཤུལ་བཞག་ལག་རྩལ་དང་བོད་མི་རིགས་ཀྱི་རིག་གནས་དྲིལ་བསྒྲགས་བྱས་ནས་ཤོག་བུ་སྣུམ་ཟོས་ལྟར་མི་དེ་བས་མང་པོ་གནས་མཆོག་དེར་དགའ་བར་སྐུལ་ཁྲིད་དང་ཤུགས་རྐྱེན་ཐེབས་སུ་བཅུག་ཡོད།

ཐོག་མའི་བསམ་འདུན་མི་བརྗེད་འབད་འབུངས་བྱས།།

ཡུལ་མི་ཁྲིད་དེ་མཉམ་ཕྱུག་ལམ་དུ་བསྐྱོད།།

ཕ་ཡུལ་དུ་ལོག་ནས་ལས་ལམ་གསར་དུ་གཏོད་པའི་གཞོན་ནུ་ཞིག་ཡིན་པའི་ཆ་ནས། ལས་ལམ་གསར་གཏོད་ཀྱི་ཐོག་མའི་དུས་སྐབས་སུ་གཡང་སྐྱིད་ལ་དཀའ་ངལ་དང་བར་ཆད་མང་པོར་འཕྲད་ཡོད། དེ་ནས་རྟའུ་གུང་གཞོན་ཚོགས་པས་འབྲེལ་མཐུད་དང་མཐུན་རྐྱེན་ཧུར་ཐག་བསྐྲུན་ཅིང་། ལས་སྐྲུན་གསོ་སྐྱོང་སྦྱོང་བརྡར་དང་ཐོན་ཁུངས་འབྲེལ་མཐུད་སོགས་རོགས་རམ་གང་མང་བྱས་ཏེ་གཡང་སྐྱིད་ཁྲོམ་རར་རྐང་པ་བརྟན་པོར་ཚུགས་ཐུབ་པར་བྱས་ཡོད། གཡང་སྐྱིད་ཀྱིས་གུང་གཞོན་ཚོགས་པ་རྫོང་ཨུས་ངའི་ལས་ལམ་གསར་གཏོད་ཀྱི་ཐད་ལ་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། ངས་རང་ཉིད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་ཡར་རྒྱས་བརྩོན་ལེན་དང་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་རྒྱུན་འཁྱོངས་ཏེ། བློ་རྩ་བརྟན་པོས་བྱ་གཞག་གསར་གཏོད་ཀྱི་ཁྱབ་ཁོངས་སུ་ལང་ཚོའི་མེ་ཏོག་རྣམ་པར་བཞད་དུ་བཅུག་ནས་མི་དེ་བས་མང་པོ་ལས་ཞུགས་ཐུབ་ཅིང་ཕྱུག་པོར་འགྱུར་བར་སྐུལ་ཁྲིད་བྱ་རྒྱུ་ཡིན་ཞེས་བཤད།

རྟའུ་རྫོང་གི་གཞོན་ནུ་མཉམ་འབྲེལ་ཚོགས་པའི་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། གཡང་སྐྱིད་ཀྱིས་ཕ་ཡུལ་གྱི་ཡུལ་སྡེ་དར་རྒྱས་ཡོང་བར་རོགས་རམ་ཧུར་ཐག་བྱས་ཡོད། རྟའུ་རྫོང་གི་སྨུག་རོང་ཡུལ་ཤོག་གི་རང་བྱུང་ཁོར་ཡུག་ཁྱད་འཕགས་ལ་བརྟེན་ནས་ཐོན་པའི་ཀུ་ཤུ་ལ་རིགས་སྣ་མང་བའི་གཏེར་རྫས་དང་སྐྱེ་ལྡན་དངོས་པོ་འདུས་ཚད་མང་པོ་ཡོད་ཀྱང་ས་ཁམས་ཆ་རྐྱེན་ཀྱི་ཚད་བཀག་ཐེབས་པས་ཚོང་ལམ་མི་བདེ་སྟབས། གཡང་སྐྱིད་ཀྱིས་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་ཆེད་སྨུག་རོང་ཀུ་ཤུ་སྐམ་པོ་ཁོ་རང་གི་ཁོ་ཧྥེ་ཚོང་ཁང་དུ་ཁྱེར་ནས་བཙོངས་ཏེ་འགྲུལ་པ་ཡོང་ཚད་ལ་དྲིལ་བསྒྲགས་བྱས། 2023ལོར་མཐུད་མཚམས་ཁོ་ཧྥེ་ཁང་གིས་ཡུལ་མི་ཚོ་ལ་ཀུ་ཤུ་སྐམ་པོ་རྒྱ་མ100ལྷག་དང་ཟོག་ཤ་སྐམ་པོ་རྒྱ་མ100ལྷག་བཙོངས་རོགས་བྱས་ནས་མང་ཚོགས་འབབ་འཕར་ཕྱུག་པོར་ཡོང་བར་ནུས་པ་བཏོན་ཡོད། གཡང་སྐྱིད་ཀྱིས་ངས་མཐུད་མཚམས་ཁོ་ཧྥེ་ཁང་དེ་ས་གནས་ཀྱི་དམིགས་བསལ་ཐོན་རྫས་བཤམ་ས་ཞིག་དང་ས་གནས་ཀྱི་དམིགས་བསལ་ཐོན་རྫས་འཚོང་སའི་སྟེགས་བུ་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་བྱས་ཏེ། ས་གནས་དེ་གའི་སྤུས་ལེགས་ཐོན་རྫས་དྲིལ་བསྒྲགས་བྱེད་པར་རང་ནུས་འབུལ་རྒྱུ་ཡིན་ཞེས་བཤད།

ས་བབ་མཐོ་བའི་ཁོར་ཡུག་འོག་གི་ཁོ་ཧྥེ་སྡོང་པོ་སྐྱེས་ཚད་དལ་བ་དང་འབྲས་བུ་སྨིན་ཚད་ཅུང་མཐོ་ཞིང་། བྲོ་བ་དེ་བས་ཞིམ་པོ་ཡོད་པ་རེད། མ་འོངས་པར་གཡང་སྐྱིད་ཀྱིས་ད་དུང་རྟའུ་རྫོང་གི་ས་བབ་མཐོ་བ་དང་ཉི་འོད་དྲོ་བའི་ཆ་རྐྱེན་ལ་བརྟེན་ནས། རྟའུ་རང་སའི་ཁོ་ཧྥེ་འཛུགས་པར་འཚོལ་ཞིབ་བྱ་རྒྱུའི་འཆར་གཞི་བཞག་སྟེ། ཁོ་ཧྥེའི་ས་བོན་ནས་ཕོར་པར་བླུག་པའི་བར་གྱི་འབྲེལ་ཐག་ཆ་ཚང་བཟོས་ནས་མཐོ་སྒང་གི་ཁོ་ཧྥེ་རྟའུ་ནས་བྲོ་ཞིམ་ཕྱོགས་བཅུར་ཁྱབ་པར་འབད་རྒྱུ་ཡིན་པ་རེད།།


  • ལེ་ཚན་སྔོན་མ།:ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་དང་བླངས་པ་བཅུའི་ནང་བདམས་པའི་ཕུར་བུ་ཚེ་རིང་གི་གནས་ཚུལ་རགས་བཀོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།