ཞི་ཅིན་ཕིང་དང་མ་ལེ་ཞི་ཡའི་གཙོ་བདག་མཐོ་ཤོས་དབྱི་པུའུ་ལཱ་ཤིན་གྱིས་ཀྲུང་གོ་དང་མ་ལེ་ཞི་ཡའི་དབར་ཕྱི་འབྲེལ་ བཙུགས་ནས་ལོ་50འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

    མི་དམངས་དྲ་བ།    2024-06-13

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མ་ལེ་ཞི་ཡའི་གཙོ་བདག་མཐོ་ཤོས་དབྱི་པུའུ་ལཱ་ཤིན་དབར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་སྟེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས། ཀྲུང་གོ་དང་མ་ལེ་ཞི་ཡ་ནི་ལོ་ངོ་སྟོང་རིང་མཛའ་གྲོགས་འབྲེལ་བ་ཡག་པོ་ཡོད་པའི་ཁྱིམ་མཚེས་ཤིག་དང་། གྲོགས་པོ་བློས་ཐུབ་ཅིག མཉམ་ལས་གཉིས་ཕན་གྱི་རོགས་ཟླ་ཞིག་བཅས་རེད། ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་སོང་རིང་། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ཀྱིས་ལྟ་སྟངས་འཛིན་པ་དང་། ཕྱར་བ་གྲུ་འདེགས། ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བཅས་བྱས་ནས་ཀྲུང་མའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་ས་ཁུལ་དང་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་ཡོད། 2023ལོར་ཕྱོགས་གཉིས་པོས་ཀྲུང་མའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱ་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་གྲུབ་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཡོད། ཀྲུང་མའི་མཛའ་གྲོགས་མི་སེམས་སུ་གཏིང་ཟབ་ཟུག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་རྫོགས་མེད་བསྣན་ཡོད། མི་རིང་བའི་གོང་། ང་ལ་ཀྲུང་གོ་ཐེན་ཅིན་སློབ་ཆེན་དུ་སློབ་སྦྱོང་བྱེད་མཁན་མ་ལེ་ཞི་ཡའི་སློབ་མས་བྲིས་པའི་མིང་མཉམ་བཀོད་ཀྱི་འཕྲིན་ཡིག་འབྱོར་བྱུང་། ཁོང་ཚོས་བློ་ཐག་ཆོད་པོས་ཀྲུང་མ་མཛའ་གྲོགས་ཀྱི་ཁྱབ་སྤེལ་བ་དང་སྐུལ་འདེད་གཏོང་མཁན་ཞིག་བྱས་ནས་སྦྱངས་པའི་ཤེས་བྱར་བརྟེན་ཏེ་ཀྲུང་མ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཞབས་འདེགས་ཞུ་རྒྱུའི་རེ་བ་ཡོད། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་བྱ་གཞག་ལ་རྒྱུན་འཛིན་པ་ཡོད་པས་ང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་རེད།

   ཞི་ཅིན་ཕིང་གིས། ཀྲུང་མའི་འབྲེལ་བ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་ཡོད། ངས་གཙོ་བདག་མཐོ་ཤོས་དབྱི་པུའུ་ལཱ་ཤིན་དང་ལྷན་དུ་ཀྲུང་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྣེ་ཁྲིད་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་སྐྲུན་པ་དང་། ས་ཁུལ་དར་རྒྱས་བརྟན་ལྷིང་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་ཕུལ་ཏེ་ཀྲུང་མའི་འབྲེལ་བའི་འོད་སྟོང་འཕྲོ་བའི་ལོ་50རྗེས་མ་ཐུན་མོང་ཐོག་གཏོད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

   དབྱི་པུའུ་ལཱ་ཤིན་གྱིས། ཕྱི་འབྲེལ་བཙུགས་ནས་ལོ་50སོང་རིང་། མ་ཀྲུང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བར་འཕེལ་རྒྱས་གསར་པ་རྒྱུན་ཆད་མེད་པར་བྱུང་ཡོད། 2013ལོར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་རྗེས། རྒྱལ་ཁབ་གཉིས་པོས་དཔལ་འབྱོར་ཚོང་དོན་དང་། མ་འཇོག རིག་གནས། དམངས་ཁྲོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་རེས་སྔར་བས་གཏིང་ཟབ་དང་རྒྱ་ཆེར་བཏང་ཡོད། མ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་མཉམ་དུ་རྟེན་འབྲེལ་ཞུ་བའི་མཚམས་འདིར། མ་ལེ་ཞི་ཡས་ནམ་ཡང་ཀྲུང་གོ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་དང་ཐུན་མོང་ཐོག་དར་རྒྱས་བཏོད་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་རྒྱུན་མཐུད་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།

    དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་གྱིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ཞིང་། ལི་ཆང་གིས། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་འགོ་འཛུགས་ས་གསར་པར་བྱས་ནས། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ཟབ་ཏུ་གཏོང་བ་དང་། གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་བ། མི་དམངས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་མ་ལས་དབང་གཅིག་མཐུན་ཚོགས་པའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

   ཨན་ཝར་གྱིས། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ཚུན། ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་བྱེད་པའི་རྨང་གཞིའི་ཐོག་མ་ཀྲུང་འབྲེལ་བར་ལམ་ཚད་རྡོ་རིང་ལྟ་བུའི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་པོས་མཐོ་རིམ་དབར་འཚམས་འདྲི་ཞུ་བ་དང་འབྲེལ་སྣ་མང་ཕུན་སུམ་ཚོགས་པའི་དྲན་གསོའི་བྱེད་སྒོའང་སྤེལ་ཏེ། ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུས་པ་དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོ་བ་དང་འཐབ་ཇུས་ཀྱི་དོན་སྙིང་གང་ལེགས་མངོན་ཡོད་ཅེས་གསུངས་པ་རེད།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཧྥ་རན་སེའི་སྨྱན་སྦྱོར་ཐོག་མཚན་བཀོད་རྩོམ་ཡིག་སྤེལ།
  • ལེ་ཚན་རྗེས་མ།:ལིས་ཆང་གིས་ནེའུ་ཙི་ལན་དང་ཨོ་སི་ཁྲུ་ལི་ཡཱ། མཱ་ལེ་ཞི་ཡཱ་བཅས་ལ་འཚམས་འདྲི་གནང་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།