ཞི་ཅིན་ཕིང་གིས་ཝེད་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐིང་ཧུའེ་དང་མཇལ་འཕྲད་གནང་།

    ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་ལས་དྲངས།    2024-04-15

ཞི་ཅིན་ཕིང་གིས་ཝེད་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐིང་ཧུའེ་དང་མཇལ་འཕྲད་གནང་།

སྤྱི་ཟླ4པའི་ཚེས8ཉིན་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཝེད་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐིང་ཧུའེ་དང་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཝང་ཐིང་ཧུའེ་ནས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་ལ་མཛའ་བརྩེའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞེས་ཞུས་པ་དང་། ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ལོ་མཇུག་ཏུ་བདག་གིས་ཝེད་ནམ་ལ་འཚམས་འདྲི་ཞུ་རིང་། སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་དང་འཐབ་ཇུས་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེད་ནམ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུ་མཉམ་དུ་བསྒྲགས་ནས། ཀྲུང་གོ་དང་ཝེད་ནམ་གྱི་འབྲེལ་བའི་ལེའུ་གསར་པ་བརྩམས་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག། བདག་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་བར་བྱུང་བའི་ཐུན་མོང་ངོས་འཛིན་ལག་ལེན་བསྟར་བཞིན་ཡོད། བློ་སེམས་གཅིག་མཐུན་དང་། ལས་དབང་གཅིག་འབྲེལ་ནི་ཀྲུང་གོ་དང་ཝེད་ནམ་འབྲེལ་བའི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་ཡིན་ཞིང་། བློ་མཐུན་ཡིན་ལ་གཅེན་གཅུང་ཡང་ཡིན་ཞེས་པ་ནི་ཀྲུང་གོ་དང་ཝེད་ནམ་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན། ཕྱོགས་གཉིས་པོས་ཐུན་མོང་འབད་བརྩོན་བྱ་དགོས་པ་དང་། ཀྲུང་གོ་དང་ཝེད་ནམ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པར་གྲུབ་འབྲས་སྔར་ལས་ལྷག་པ་འཐོབ་རྒྱུར་སྐུལ་བ། རང་སོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེ་བ་བསྐྲུན་དགོས་ལ། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཐད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ད་སྔར། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲུང་སྐྱོང་དང་། རྒྱལ་ཁབ་བརྟན་ལྷིང་དང་གོང་འཕེལ་ཡོང་བ་སྲུང་སྐྱོང་ནི་ཀྲུང་གོ་དང་ཝེད་ནམ་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་རེད། ཕྱོགས་གཉིས་པོས་ཡིད་ཆེས་ཆེན་པོ་ལ་བརྟེན་ནས་ཀྲུང་གོ་དང་ཝེད་ནམ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏང་དགོས་པ་དང་། སྤུས་ཚད་མཐོ་བའི་མཉམ་ལས་ལ་བརྟེན་ནས་ཀྲུང་གོ་དང་ཝེད་ནམ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་བློ་རིག་ལ་བརྟེན་ནས་ཀྲུང་གོ་དང་ཝེད་ནམ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས། ཀྲུང་གོ་ཕྱོགས་ནས་ཝེད་ནམ་ཕྱོགས་དང་མཉམ་དུ་ཏང་སྐྱོང་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་རྒྱག་འདོད་ཡོད་པ་དང་། ཀྲུང་གོ་དང་ཝེད་ནམ་གྱི་ཕྱོགས་གཉིས་མཉམ་ལས་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“ཁྱམས་གཉིས་སྐོར་གཅིག”དང་འཐབ་ཇུས་སྦྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་མགྱོགས་པོ་བཏང་སྟེ། ན་གཞོན་དང་མཛའ་གྲོགས་གྲོང་ཁྱེར་སོགས་ཀྱི་སྤེལ་རེས་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས། ཕྱོགས་གཉིས་པོའི་ཁྲིམས་བཙུགས་ལས་ཁུངས་ཀྱིས་རིམ་པ་ཁག་གི་སྤེལ་རེས་མཉམ་ལས་ཤུགས་ཆེན་བཏང་ནས། ཁྲིམས་འཛུགས་ལྟ་སྐུལ་གྱི་ཉམས་མྱོང་སོགས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པར་ཤུགས་རྒྱག་པ་དང་། རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་མཛའ་གྲོགས་ཟབ་ཏུ་འགྲོ་རྒྱུར་ནུས་པ་གལ་ཆེན་འདོན་སྤེལ་བྱ་དགོས་པའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།

ཝང་ཐིང་ཧུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་ཞུ་གནང་ཡོད།  ཁོང་གིས་བློ་མཐུན་ཡིན་ལ་གཅེན་གཅུང་ཡང་ཡིན་པའི་ངོས་ནས་ཝེད་ནམ་ཏང་དང་སྲིད་གཞུང་གིས་ཀྲུང་གོའི་གོང་འཕེལ་དང་ཡར་རྒྱས་ལ་ཚད་མཐོའི་བསྔགས་བརྗོད་ཞུ་ཡི་ཡོད་པ་དང་། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་སྙིང་དབུས་ནས་བརྩི་འཇོག་དང་ཡིད་སྨོན་ཞུ་བཞིན་ཡོད། ད་ལོར་ཀྲུང་གོའི་ཚོགས་ཆེན་གཉིས་སུ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བ་སོགས་ཀྱི་དམིགས་འབེན་གཏན་ལ་ཕབ་ཡོད་པ་དང་། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་བྱ་ཐབས་ཤིག་ཡིན་ཞིང་། ཝེད་ནམ་ལ་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད། ཀྲུང་གོས་དུས་བཀག་ལྟར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་སྐྲུན་ཐུབ་ངེས་ཡིན་པ་དང་། འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། གོང་འཕེལ་བཅས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་འབུལ་ཐུབ་རྒྱུའི་ཡིད་ཆེས་ཡོད། ཝེད་ནམ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་པ་དང་། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཡིན་པའི་ངོས་འཛིན་གྱི་ཡོད། རྣམ་པ་གང་རུང་གི“ཐའེ་ཝན་རང་བཙན”ཟེར་བའི་ཁ་ཕྲལ་བྱེད་སྒོར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཅིང། ཞང་ཀང་དང་། ཞིན་ཅང་། བོད་ལྗོངས་བཅས་ཀྱི་ལས་དོན་རྣམས་ཀྱང་ཀྲུང་གོའི་ནང་སྲིད་ཡིན་པ་དང་། ཀྲུང་གོས་ཡུན་རིང་བརྟན་བརླིང་དར་རྒྱས་རྒྱུན་འཁྱོངས་ཐུབ་ངེས་ཡིན། ཝེད་ནམ་ཕྱོགས་ཀྱིས་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་པ་དང་། ཀྲུང་གོ་ཝེད་ནམ་གྱི་ཕྱི་ཕྱོགས་འབྲེལ་བའི་སྔོན་འགྲོའི་འཐབ་ཇུས་ཀྱི་གདམ་ག་ཨང་དང་པོར་བརྩི་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྣམ་གཉིས་ནས་གཏན་འཁེལ་བའི“སྔར་ལས་ལྷག་པ་དྲུག”ཅེས་པའི་དམིགས་འབེན་ལ་གཞིགས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་རིམ་པ་ཁག་གི་སྤེལ་རེས་མཉམ་ལས་ཆེ་རུ་གཏོང་བ་དང་། ཆུ་ཚད་མཐོན་པོའི་སྒོ་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་རྒྱུ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། “ཁྱམས་གཉིས་སྐོར་གཅིག”དང“རྒྱུད་གཅིག་ལམ་གཅིག”སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏང་རྒྱུ་ཡིན། ཝེད་ནམ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་མཉམ་དུ་འགྲོ་འོང་དང་སྤེལ་རེས་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོང་འདོད་ཡོད་ལ། རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་མཛའ་གྲོགས་སྲ་བརྟན་དུ་གཏོང་བ་དང་། འཐབ་ཇུས་དོན་སྙིང་ལྡན་པའི་ཝེད་ནམ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་བསྟན་འདུག།

ཝང་དབྱི་དང་། ཝང་ཏུང་མིང་མཇལ་འཕྲད་དུ་ཞུགས་ཡོད།།

  • ལེ་ཚན་སྔོན་མ།:ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་བདེ་འཇགས་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།