སླད་མེད་བརྩེ་དུང་བ་སྤུའི་མེ་ཏོག་མཚུངས།

དབྱིངས་ཙིས་བརྩམས། སྣག་ཚ་ནག་པོས་བསྒྱུར།        2024-04-15

དེ་ནི་དམར་སེར་གྱི་འོད་མདངས་འཚེར་བའི་མཛེས་སྡུག་ཡིད་དབང་འཕྲོག་པའི་ས་སྲོས་ཤིག་རེད། ངས་གློ་བུར་དུ་འགྲམ་ན་བ་སྤུའི་མེ་ཏོག་གི་ཡལ་ག་ལེགས་འབྲེག་བྱེད་བཞིན་པའི་ཨ་མར་ཨ་མ། ཁྱེད་ཀྱིས་ཨ་ཕ་ལ་དགའམ་ཞེས་དྲིས་པས།

ཨ་མས་ཧ་ལས་པའི་རྣམ་འགྱུར་རེ་སྟོན་བཞིན་སྨྲ་བརྗོད་ཅི་ཡང་མ་བྱས་པར་ཅུང་ཙམ་བསྡད་རྗེས། རིམ་བཞིན་གདོང་ཡང་དམར་པོར་གྱུར་ནས། ལེ་བདའི་ངང་“བུ་མོ་འདི་ནི། ཅི་ཡིན་འདི་ཡིན་མེད་པའི་སྐད་ཆ་ཁྱད་མཚར་པོ་དེ་འདྲ་འདྲི་མ་ཡོང་”ཞེས་བཤད་བྱུང་།

དེ་ན་ངས་ཨ་མའི་ཁ་ནས་གསང་བ་ཅི་ཡང་འདོན་མི་ཐུབ་པ་ཤེས་ནས། ཐབས་གཞན་གྱི་རྣམ་པ་ལས་ཨ་མར་སྐད་ཆ་དྲིས་པ་ཡིན་ཏེ། “ཨ་མ། ཁྱེད་ཀྱི་བལྟས་ན་གང་འདྲ་ཞིག་ལ་སླད་མེད་བརྩེ་དུང་ཟེར་རམ།”

ཨ་མས་བསམ་བློ་ཕྲན་ཙམ་བཏང་རྗེས། མཚར་སྣང་སོགས་གང་ཡང་མེད་པར་བབ་ཆགས་ངང་བ་སྤུའི་མེ་ཏོག་ལ་མཛུབ་མོ་བཙུགས་ནས།“བ་སྤུའི་མེ་ཏོག་དང་འདྲ།”ཞེས་བཤད་བྱུང་བས།

ང་ནི་ཏོག་ཙམ་མ་གཏོགས་དགོད་མོ་ཤོར་གྲབས་བྱུང་རུང་། ཨ་མའི་ནན་ཏན་གྱི་རྣམ་འགྱུར་དེ་མཐོང་བས། ལམ་སེང་དེ་ཡང་བརྩེ་དུང་ཟེར་རམ་ཞེས་བཤད་འདོད་པའི་སྐད་ཆ་དེའང་སླར་ཡང་ཁོག་པའི་གཏིང་ལ་མིད་ཁྱུར་བཏང་བ་ཡིན།

དེ་རྗེས་ཅང་མ་འགོར་བར། ཨ་ཕ་གཞུང་དོན་དུ་ཕྱོགས་ལ་ཐོན་ནས་ཕྱིར་མ་ལོག་པའི་སྔ་དགོང་དེར། ཨ་མ་ན་ནས་སྨན་ཁང་ལ་ཉལ་དགོས་ཐུབ། དེའི་ཕྱི་ཉིན་གྱི་ཞོགས་པར། ཨ་མས་སྐད་གདངས་གཉོམ་པོས་ང་ལ།

“དབྱིངས་ལགས། མ་གཞི་ངས་དེ་རིང་ཆུ་མོག་ལས་ནས་ཁྱོད་ཀྱི་ཨ་ཕར་ཟ་རུ་འཇུག་རྒྱུ་ཁས་བླངས་པ་ཡིན་ཏེ། ད་ལྟ་བལྟས་ན་བྱུང་མ་སོང་། ཏོག་ཙམ་ནས་ཁྱོད་ཀྱིས་གསར་དུ་གྲུབ་པའི་ཆུ་མོག་ཉོས་ཏེ་ཨ་ཕར་ཟ་རུ་བཅུག་དང་། སེམས་ལ་བཞག་ཨ། ཨ་ཕས་བཟས་མ་ཚར་བར་དུ། ང་ན་ནས་སྨན་ཁང་ཉལ་བའི་དོན་དེ་མ་བཤད་མ་གཏོགས། ཁོང་སེམས་ཁྲལ་གྱིས་ཟ་མ་ཡི་ག་མེད་པར་གྱུར་སྲིད།”

འོན་ཀྱང་། ཨ་ཕས་ཉོས་པའི་ཆུ་མོག་མ་བཟའ་ལ། ངས་ཐབས་བརྒྱ་ཇུས་སྟོང་གིས་བརྩམས་པའི་རྫུན་གཏམ་ལའང་དེ་བས་ཀྱང་མ་ཉན་པར། བྱ་འཕུར་བ་ལྟར་སྨན་ཁང་ལ་རྒྱུག་ཕྱིན། དེའི་རྗེས་ནས་ཁོང་ཉིན་ལྟར་སྨན་ཁང་དུ་ཨ་མར་བལྟ་བར་འགྲོ་སྲིད།

ཉིན་ཞིག་གི་ཞོགས་པར། ངས་ཨ་ཕས་གསུངས་པ་བཞིན་བ་སྤུའི་མེ་ཏོག་ཆག་པ་ཞིག་བཏུས་ནས་སྨན་ཁང་ནང་ཁྱེར་ཕྱིན་པ་ཡིན། ངས་ནད་ཁང་གི་སྒོ་ཕྱེས་པ་དང་། དབང་མེད་ངང་ཧང་སངས་ནས་ཧོན་ཐོར་དགོས་བྱུང་སྟེ། ཨ་མ་ནད་ཁྲིའི་སྟེང་ཉལ་འདུག་ལ། ཞལ་ལས་བདེ་སྣང་གི་འཛུམ་མདངས་ཤིག་མངོན་འདུག། ཨ་ཕ་ནི་ཉལ་ཁྲིའི་འགྲམ་གྱི་ལྐུབས་སྟེགས་སྟེང་དུ་བསྡད་ནས་ལག་གཉིས་པོས་ཨ་མའི་ཕྱག་ཟུང་དམ་དུ་འཁྱུད་ནས། ཉལ་ཁྲའི་ཟུར་ལ་མགོ་བོ་བསྙེས་ནས་གཉིད་ཤོར་འདུག། འཆར་ཀའི་འོད་ཞགས་སྒེའུ་ཁུང་གི་ཕྱི་རོལ་ནས་དལ་བོར་ནང་ལ་འཛུལ་ཡོང་ཞིང་། འཇམ་མཉེན་ངང་ཁོང་དག་གི་ལུས་ལ་ཕོག་པས། ཡོད་ཚད་ཅི་འདྲའི་ལྷིང་འཇགས་ལ་མཛེས་སྡུག་ལྡན་པ་ཞིག་རེད། ཡོད་ཚད་ཚེ་སྲོག་གི་དྲི་ཞིམ་དང་འོད་མདངས་ཁྲོད་དུ་འཐིམ།

ཕལ་ཆེར་ངའི་བྱ་འགུལ་གྱིས་ཨ་ཕ་གཉིད་ལས་དཀྲོག་པ་འདྲ། ཁོང་གི་གཉིད་སད་མ་ཐག་མིག་གཉིས་ཐམ་ཐོམ་ངང་མགོ་བོ་བཏེགས་ཏེ། དལ་གཟབ་ཀྱིས་ཨ་མའི་ལག་པ་མལ་ཁྲིར་བཞག་རྗེས། རྐང་འཇབ་ལག་འཇབ་ཀྱི་ཚུལ་སྟོན་བཞིན་སྒོ་འགྲམ་དུ་ཡོང་ནས། ང་རང་སྒོ་ཕྱི་ལ་མར་འཐེན་བྱུང་། ཨ་ཕའི་ཁྲག་མདོང་གིས་བཀླུབས་པའི་དམར་མདོག་གི་མིག་ཟུང་ལ་ལྟ་བཞིན། ང་རང་ཨ་ཕར་ཤ་ཚ་ལ་སྙིང་རྗེ་བས་དབང་མེད་ངང་ཨ་ཕ་ཁྱེད་ནད་གཡོག་གི་ཉལ་ཁྲིའི་སྟེང་དུ་མི་ཉལ་དོན་ཅི་ཡིན་ནམ་ཞེས་དྲིས་པས།

ཨ་ཕས་ཨ་སྟོང་རྒྱག་ཞོར་དུ་ང་ལ། “དགོང་མོ་ང་གཉིད་ལྕི་བས་ཁྱོད་ཀྱི་ཨ་མར་དོན་དག་ཡོད་ཀྱང་ང་གཉིད་ཁུག་པ་དོགས་ནས་སློང་མི་བྲ། འདི་ལྟར་གཉིད་ནས་བསྡད་ན་མོ་རང་འགུལ་བ་ཙམ་གྱིས་ང་རང་གཉིད་ལས་སད་ཐུབ་ཀྱི་རེད།”

ཨ་ཕ་ཁྲུས་རྒྱབ་པར་ཕྱིན་རྗེས། ང་རང་ཁ་རོག་གེར་ནད་ཁང་ནང་ཕྱིན་ནས། བ་སྤུའི་མེ་ཏོག་ཆུན་པོ་ཞིག་དམ་བེའི་ནང་དུ་བཙུགས་པ་དང་བསྟུན་ནས་དྲི་ཞིམ་གང་སར་ཁྱབ། ང་རང་སྐྱིད་སྣང་གིས་སེམས་སུ་ཨ་མ་ནི་མེ་ཏོག་གི་དྲི་ཞིམ་ཁྲོད་ཕལ་ཆེར་དགའ་སྤྲོའི་ངང་མིག་ཟུང་འབྱེད་པར་སྙན་ངག་གི་ཉམས་འགྱུར་བཀླུབས་པའི་ཅི་འདྲ་འཆར་ཡན་དང་ལྡན་པ་ཞིག་ཡོད་རེད་བསམས་ནས་དགོད་ཤོར་བཞིན་ཁར་ཕྱིར་བསྐོར་བ་ན། ངའི་མིག་ལམ་ན་གསལ་བ་ནི་ཨ་མའི་འཛུམ་དང་བཅས་པའི་དྭངས་གསལ་གྱི་ཆུ་ཤེལ་དང་འདྲ་བའི་སྤྱན་ཟུང་དེ་རེད་འདུག།

“དབྱིངས་ལགས། ཨ་མའི་རྐང་པ་དང་དཔུང་པར་འཕུར་འཕུར་ཞིག་གཏང་རོགས་བྱོས་དང་།”

ངས་ཡ་མཚན་དང་བཅས་ཏེ། “ཨ་མ་ལགས། ཁྱེད་རང་གང་གནང་སོང་།”

“ཁྱོད་ཀྱི་ཨ་ཕ་ཉལ་ཁྲིའི་སྟེང་ལ་ཉལ་ནས་གཉིད་ཤོར་འདུག། ངས་ཁོང་རང་གཉིད་དཀྲོག་པ་ཞེད་ནས་འགུལ་ནུས་མ་བྱུང་བས། རང་བཞིན་གྱིས་རྐང་ལག་ཡོངས་ཚོར་བ་ཟ་ཟི་རུ་གྱུར་སོང་།”

ནད་ཁང་ནང་། བ་སྤུ་མེ་ཏོག་ཆུན་པོ་དག་ལ་དེ་བས་ཀྱང་རབ་ཏུ་དཀར་ལ་དྭངས་གཙང་བའི་རྣམ་པ་ཞིག་མངོན་ལ། དེ་ལས་འཐུལ་བའི་དྲི་ཞིམ་དག། ལང་ལོང་དུ་ངའི་སེམས་ཁོང་ལ་འཕྱུར་ཡོང་།

འོ་་་རེད་་་་་ སླད་མེད་བརྩེ་དུང་བ་སྤུའི་མེ་ཏོག་མཚུངས། བ་སྤུའི་མེ་ཏོག་མཚུངས།


  • ལེ་ཚན་སྔོན་མ།:ཟླ་བ་ལགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།