ཡིད་ཀྱི་ལྗོན་པ་གཡོ་ཙམ་གཡོ་ཙམ་བྱས།

དཔལ་ལྡན་བཟང་བོ།        2024-03-20

       རླུང་བུ་འཇམ་པོ་ཞིག་དལ་གྱིས་ལྡང་ཞིང་། ལྗོན་པའི་ཡལ་ག་གཡོ་ཙམ་གཡོ་ཙམ་བྱས། སེར་པོར་གྱུར་པའི་སྡོང་ལོ་ཁ་ཤས་ས་རུ་ཟགས་དུས་སྟོན་གྱི་གོམ་སྒྲ་ཉེ་བར་བཅར་བ་ཚོར། ངས་གོམ་འགྲོས་དལ་མོར་བླངས་ནས་རེ་ཞིག་ལ་བསམ་གཞིག་གི་ཁུད་དུ་ལྷུང་། སྟོན་ཁ་ཇི་ལྟར་སླེབས་པ་ཡིན་ནམ། དབྱར་ཁའང་ནམ་ཞིག་ལ་འཚོ་བའི་ཁྲོད་ནས་རྒས་པར་གྱུར་སོང་། ཡོད་ཚད་ཁ་རོག་གེར། ཁུ་སིམ་མེར། འཇམ་ཅག་གེར་འགྱུར་བ་འགྲོ་བཞིན་མཆིས། ངས་ད་དུང་ཅི་ཡང་ཚོར་མི་འདུག།

བསིལ་རླུང་གིས་འཇམ་པོར་རེག་པ་ན་སྟོན་ལོ་ཞིག་མཁའ་ལ་འཕུར་ཙམ་བྱས་པ་དང་། དེ་ནས་མཁའ་རླུང་གི་གཙུབ་བརྡར་ཁྲོད་ཐུར་དུ་ལྷུང་ཡོང་། དེ་ནི་ཚེ་སྲོག་གི་གོ་རིམ་ཞིག་སྟེ། མི་ཚེའི་གར་སྟེགས་འདིའི་སྟེང་འཁྲབ་པའི་མཐའ་མཇུག་གི་བཟོ་ལྟ་ཞིག་རེད། ཐེག་པར་དཀའ་བའི་ཚེ་སྲོག་གི་ལྕི་བ་ནི་ཚེ་སྲོག་ལས་ཀྱང་ཡང་སྟེ། བསིལ་རླུང་གིས་བྱིལ་བྱིལ་ཙམ་བྱས་པས་ཀྱང་འདར་ལྕུག་ལྕུག་བྱེད། ངས་རྣ་བའི་ནང་གི་ཉན་བྱེད་སྦུ་གུ་བླངས་ནས་མུ་མཐུད་དེ་བསམ་གཞིག་བྱས། རེས་མོས་ཀྱིས་འཁོར་བའི་དུས་ཚིགས་བཞི་པོ་འདི་ངའི་ཚེ་སྲོག་གི་ཁྲོད་དུ་སྨིན་ཞིང་རྒས་པ་ཞིག་ཡིན་ནམ། ཡང་ན་ང་རང་དུས་ཀྱི་དཀྱིལ་འཁོར་ཁྲོད་དུ་ལྷུང་བའི་སྡོང་པོའི་ལོ་མ་ཞིག་ཡིན། གང་ལྟར། སོ་སོ་ལ་ཚེ་སྲོག་གི་གོ་རིམ་ངེས་ཅན་ཞིག་འདུག་སྟེ། སྐྱེ་འཆི་དང་དར་རྒུད། དགའ་སྐྱོ། ཆགས་སྡང་གིས་འཚོས་འདུག། དུས་འདི་ལ། སྟོན་གྱི་གོམ་སྒྲ་ཇི་ལྟར་སླེབས་པའང་མ་ཚོར། དེ་ནི་ང་ཚོས་ཚེ་སྲོག་གི་ཁྲོད་དུ་བྱུང་བའི་སྐད་ཅིག་མའི་འགྱུར་བ་དེ་དག་དང་འདྲ་བར། འཚོ་བའི་ཧྲག་བར་ནས་གཙུབ་བརྡར་ཡང་ཡང་བྱས་རྗེས་གཤིས་ཀའི་སྟེང་གི་གྲུ་ཟུར་དེ་དག་སྙོམས་ངོས་སུ་བཏང་འདུག་པ་ལྟ་བུ་རེད། ཡིན་ནའང་། ང་ཚོས་དེའི་བརྒྱུད་རིམ་མི་ཚོར། ཚོར་འདོད་ཀྱང་མི་འདུག དེ་ནི་འགྲོ་བ་མིའི་རིགས་ཞེས་པ་འདིའི་ཐུན་མོང་གི་ཁྱད་གཤིས་ཤིག་ཡིན་ཡང་ཡིན་ཏེ། རིམ་གྱིས་ལུས་སྟེང་གི་ཚོར་ཤེས་སྐྱེན་པོ་དེ་ཉམས་བཞིན་པ་དང་ཐག་ཉེ་ན་ཡོད་པའི་བྱ་དངོས་ལ་དོ་སྣང་མི་བྱེད་པ། རྒྱ་ཆུང་ས་དང་ཞིབ་ཕྲ་བ། མིག་སྔའི་གེགས་སུ་མི་འགྲོ་བ་ཀུན་ལ་སྣང་དོགས་ཆུང་བ་དེ་རེད། དེའི་རྐྱེན་གྱིས་ང་ཚོ་ནམ་ཡང་མཇུག་འབྲས་རེ་འགའ་ལ་ཧ་ལས་པར་བསྡད་ཡོད། རང་བྱུང་ཁམས་ཆེན་མོ་འདི་ཡོད་ཚད་ལ་འགོག་མེད་ཀྱི་སྟོབས་ཤུགས་ཤིག་གིས་ཁེངས་འདུག། ཆོས་ཉིད། དུས་ཚོད། འགྱུར་བ། ང་ཚོ་ནི་ཇི་འདྲའི་ཉམ་ཆུང་ཨང་། ཕུ་ཞིག་བཏབ་པས་ཀྱང་གར་སོང་ཆ་མེད་དུ་འགྱུར་སྲིད། དུས་ཀྱི་འགྱུར་བ་ནི་གཟུགས་མེད་ཀྱི་སྤུ་གྲི་སྟེ་ང་ཚོའི་ཚེ་སྲོག་ཁྲོད་ཀྱི་ཁ་བའི་མེ་ཏོག་བཞིན་སྨིན་པའི་མཛེས་སྡུག་ལྡན་པ་དང་། དོན་སྙིང་ཡོད་པ། ཡིད་དུ་འོང་བ། སྙིང་དུ་སྡུག་པའི་འདབ་མ་དེ་དག་དུམ་སེར་བྲེག་འགྲོ། བྱིས་དུས་སུ་ང་ཚོ་ས་ཡི་ཁང་པ་ཞིག་གིས་ཀྱང་དགའ་སྤྲོ་སྟེར་སྲིད། མགོ་ཐོག་ནས་གནམ་གྲུ་ཞིག་འཕུར་བས་ཀྱང་ཡུན་རིང་པོར་མིག་གིས་འཚོ་སྲིད། ཐ་ན་ཆ་ག་བའི་སུག་པ་བརྐྱང་བསྐུམ་བྱེད་པ་དེར་ཡང་དོ་སྣང་ཆེན་པོ་བྱེད། ད་ལྟ་ང་ཚོ་ནར་སོན་ཏེ་ན་གཞོན་དང་དར་མ། རྒན་པ་རུ་ཆགས་འདུག། ས་རྡོའི་རྩེད་ར་ལས་བདེ་སྐྱིད་རྙེད་མི་སྲིད། གོམ་འགྲོས་མགྱོགས་པོར་བླངས་ནས་བདེ་སྐྱིད་འཚོལ་བ་དང་། འུར་ཟིང་སྟུག་པོའི་ངང་ནས་འཚོ་བ་རོལ་བ། གྲག་འགུལ་ཆེན་པོ་ཞིག་བསླངས་ནས་ཕུགས་བསམ་ཡང་སྙེག་བཞིན་ཡོད། གོ་རིམ་དེའི་ཁྲོད་ང་ཚོའི་གོམ་པ་མང་པོ་ཞིག་སྤོས། དེའི་ཚོད་ཀྱི་གྲུབ་འབྲས་ཀྱང་བླངས། ཡིན་ནའང་། ང་ཚོ་རྒྱང་རིང་ཞིག་ཏུ་སླེབས་མི་འདུག། ད་དུང་ཡང་བདེ་སྐྱིད་མ་རྙེད་པའི་སྡུག་བསྔལ་ཁྲོད་དུ་འཚོ།

ས་རུ་ཟགས་པའི་སྟོན་ལོ་རེ་འགའ་རླུང་བུའི་ཁྲོད་བཞུར་ཡོང་། དེ་དག་གི་ཁྲོད་དུ་སྐམ་རུལ་དུ་གྱུར་བ་དང་། སེར་ཤས་ཆེ་ལ་ནག་ཐིག་ལྷུང་བ། ནེམ་ཞིང་ལྗང་བའི་ལོ་མ་སྣ་ཚོགས་ཡོད། ཐམས་ཅད་དུས་ཀྱི་ཆོས་ཉིད་ཁྲོད་ཐིམས་ཤིང་། ངའི་སེམས་ཀྱི་ལྗོན་པ་དེའང་གཡོ་ཙམ་བྱས་སོང་། སྲབ་ཅིང་ཡང་བའི་ལོ་མ་དེ་དག་གིས་ང་ལ་ཚེ་སྲོག་གི་དྲན་སྐུལ་ཞིག་བྱེད་ཀྱིན་པ་འདྲ།

དུས་ཀྱི་རླུང་བུ་ཡང་ཡང་གཡུག་ཅིང་། ཚེ་སྲོག་ཁྲོད་སྨིན་པའི་ལོ་མ་མང་པོ་ས་རུ་ལྷུང་མཐར། རང་རེའི་ལུས་སྟེང་གི་འཇོན་ནུས་ཤིག་ཉམས་བཞིན་འདུག། དེ་ནི་རང་བྱུང་ཁམས་ཆེན་མོ་འདི་ཉམས་སུ་མྱོང་བའི་འཇོན་ནུས་དེ་རེད། མིའི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་བལྟས་ན། མི་ལ་རང་བྱུང་ཁམས་ཆེན་མོ་འདིར་སློབ་སྦྱོང་བྱེད་པའི་འཇོན་ནུས་ལྡན་ཞིང་། འཇོན་ནུས་དེ་ཡིས་མིའི་རིགས་འཕེལ་རྒྱས་ལ་མཐུན་རྐྱེན་བླ་མེད་བྱས་ཤིང་མི་ཚེའི་གནས་ལུགས་ཀྱང་སྟོན་པར་བྱེད། ཡིན་ནའང་། རིམ་གྱིས་ང་ཚོས་ཡོད་ཚད་ལ་ས་མཚམས་རེ་བཀར་ནས་རང་རང་གི་ཁྱབ་ཁོངས་ཤིག་ཏུ་འཚོ་ཞིང་། གོམ་འགྲོས་ཇེ་མགྱོགས་སུ་བཏང་ནས་མིག་ཟུང་གིས་རྡོག་སྣེ་མ་གཏོགས་མི་མཐོང་། མངོན་སུམ་ཁྲོད་སྣང་བའི་འཇིག་རྟེན་སེམས་ངོ་རུ་མི་འདུག། བཟོ་བཅོས་ཀྱི་འཇིག་རྟེན་ཁོ་ན་བདེན་པ་རུ་འཛིན། དེའི་ཕྱིར་ང་ཚོའི་སེམས་པ་སྲ་མཁྲེགས་སུ་གྱུར་ཏེ་རང་བྱུང་གི་མཛེས་སྡུག་སེམས་ཀྱིས་མི་ཚོར། དོན་དམ་གྱི་བདེན་པ་མིག་མདུན་དུ་བཤམ་ཡང་བདེན་པ་གཞན་ལས་འཚོལ་བར་གོམས།

སྔོན་ཆད་རང་རེའི་དབེན་དགོན་དག་ཆུ་བོའི་གཞུང་དུ་འདེབས་སྲོལ་ཡོད། དེ་ནི་མི་རྟག་པ་དྲན་གསོ་བྱེད་ཆེད་དུ་ཡིན། དེ་ནི་རང་བྱུང་ཁམས་ལས་གནས་ལུགས་རྟོགས་པའི་ཐབས་ཤེས་ཤིག་རེད། ཐབས་ཤེས་ཆུང་ངུ་དེ་ལ་བརྟེན་ནས་མཐར་ཐུག་གི་བདེན་པ་རྟོགས་པར་རམ་འདེགས་བྱེད་ཐུབ། དེ་ནི་ཤེས་རབ་ཅིག་ཀྱང་ཡིན་ཏེ་རང་བྱུང་ཁམས་ཀྱི་སྣང་ཚུལ་ལ་བཟུང་བའི་ངོས་འཛིན་ཞིག་རེད། ད་ལྟ་ང་ཚོས་ལུང་ཁུག་ཅིག་ཏུ་བཞུར་བའི་ཆུ་བོ་ཞིག་ལ་དོ་སྣང་བྱེད་མི་སྲིད། དོ་སྣང་བྱེད་ཁོམ་ཡང་མི་འདུག། གཟུགས་མེད་ཀྱི་སྟོབས་ཤུགས་ཤིག་གིས་ང་ཚོ་མདུན་དུ་ཁྲིད་ཀྱིན་ཡོད་ཅིང་། གོམ་འགྲོས་ཀྱིས་དུས་རབས་ཀྱི་རྗེས་སྙེག་བཞིན་ཡོད། ཅི་ཞིག་གི་ཆེད་ཅེ་ན། སྔར་བཞིན་བདེ་སྐྱིད་ཀྱི་ཆེད་དུ་རེད། ཡིན་ནའང་། མི་རྣམས་ད་དུང་བདེ་སྐྱིད་འཚོལ་བའི་ལམ་དུ་ལུས་ཡོད།

དེ་ལྟ་ན། ང་ཚོས་རེ་ཞིག་རྒྱང་ལ་བསྲིངས་པའི་མིག་ཟུང་ཚུར་བཀུག་ནས་གམ་དུ་ལྷག་པའི་བྱ་དངོས་ཞིབ་ཕྲ་རེ་དང་། སྣང་ཚུལ་ཆུང་ངུ་རེ་ལ་བློ་སེམས་ཞིབ་མོས་དོ་སྣང་བྱེད་འོས་ཤིང་། བྱིས་དུས་ཀྱི་ཚོར་ཤེས་སྐྱེན་པོ་དེ་འདྲ་ཞིག་གིས་རང་གི་གམ་དུ་ཡོད་པའི་བྱ་དངོས་ལ་དོ་སྣང་བྱེད་ཐུབ་ཚེ་འཇིག་རྟེན་གྱི་བདེ་སྐྱིད་ཅེས་པ་དེ་ཡང་རྒྱ་ཆེ་ས་དང་རྒྱང་རིང་ས། གཏིང་ཟབ་ས་ན་མེད་པར་རང་གི་གམ་ན་ཡོད་པ་རྟོགས་ཐུབ།

ང་རང་ལྗོན་པ་ཞིག་གི་འགྲམ་དུ་ཡུན་རིང་བསྡད། ཕྲ་ཞིང་རིང་བའི་ཡལ་ག་དེ་ལྡེམ་མེར་བྱེད། དེ་སྔོན་གྱི་སྡོང་ལོ་དེ་ས་རུ་ལྷུངས་ནས་ཡུན་ཙམ་འགོར་འདུག་ཅིང་། སྟེང་དུ་ཆར་གྱི་ཐིགས་པ་རེ་འགའང་ལྷུང་འདུག། ཉེ་འཁོར་གྱི་ལྗོན་ཤིང་དག་གི་ལོ་མ་སེར་པོར་འགྱུར་བཞིན་འདུག་སྟེ། ལོ་མ་རེ་རེའི་འདབ་ག་ནས་སེར་པོར་གྱུར་ཅིང་སྡོང་པོ་རེ་རེའང་འདབ་ག་ནས་སེར་པོར་གྱུར་འདུག། ནམ་ཟླ་སྟོན་ལ་སླེབས་ཟིན་ནའང་། སྡོང་ལོ་རེ་འགའ་ད་དུང་སེར་པོར་གྱུར་མི་འདུག། ཡིན་ནའང་། ང་ཚོའི་ཚེ་སྲོག་གི་ཁྲོད་དུ་སྨིན་པའི་སྡོང་ལོ་འདི་དག་ཅིས་ཀྱང་སེར་པོར་འགྱུར་དགོས། ངས་གོམ་པ་མདུན་དུ་སྤོ་འགོ་བརྩམས་ཤིང་། དུས་ཀྱིས་བསྡུས་པའི་ལོ་མ་སེར་པོ་གང་སར་ཁྱབ་འདུག། འདི་དག་གིས་གནས་ལུགས་ཅི་ཞིག་སྟོན་གྱིན་ཡོད་དམ། སྟོན་ཁ་སླེབས་སོང་། སྟོན་ཁ་སླེབས་སོང་ཞེས་པ་ཙམ་དུ་ཟད་དམ། ལོ་མའི་སྟེང་དུ་ལྷུང་བའི་ནག་ཐིག་འདི་དག་གིས་ཀྱང་ཡང་སྙིང་ཅི་ཞིག་ཤོད་ཀྱིན་ཡོད་དམ། སྟོན་གྱི་སྡོང་ལོ་ཆར་པ་བཞིན་བབས་ཤིང་ངའི་ཡིད་ཀྱི་ལྗོན་པ་དེ་གཡོ་ཙམ་གཡོ་ཙམ་བྱས། ལམ་བར་དུ་ལོ་མ་ཞིག་བླངས་ནས་དཔེ་དེབ་ཏུ་བཅུག་ཅིང་། ཡིད་དུ་བདག་ཅག་གི་སྟོན་པའི་གསུང་ཞིག་དྲན་ཡོང་། “སྔར་བདག་གིས་མེ་ཏོག་གི་རིགས་སྣ་ཚོགས་མཐོང་མྱོང་། འོན་ཀྱང་། དེ་རིང་མེ་ཏོག་རྐང་གཅིག་ལས་འཇིག་རྟེན་ཧྲིལ་པོ་མཐོང་སོང་།”

  • ལེ་ཚན་སྔོན་མ།:དགུན་ནམ་རིང་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།