སྐུལ་ལྕག།

༼ འཆིང་གྲོལ། ༽        2024-03-15

བྱ་བྲལ་སྟོན་མཚན་དག་པའི་རྟག་སྡོད་ཀྱི་དབྱིངས་སུ།།

སྒྱུ་འཕྲུལ་སྟངས་སྟབས་རྩེན་པའི་བསིལ་བྱེད་ཀྱི་ཟླ་བ།།

དགྱེས་ཞལ་ཉམས་བརྒྱ་དོད་པའི་འོད་དཀར་གྱི་ཟེགས་མ།།

དྲན་པ་ཡིད་ཀྱི་གདུང་བ་སེལ་བྱེད་དུ་ཕོབས་དང་།།

དྲི་མེད་ཤེལ་དཀར་བརྩིགས་པའི་ས་གཞི་ཡི་ཕང་བར།།

གེ་སར་དོ་ཀེར་བཅིངས་པའི་ཡིད་འོང་གི་མེ་ཏོག །

རྩི་བཅུད་ཕབས་ཀྱིས་བསྙལ་བའི་བསུང་ཞིམ་གྱི་བདུད་རྩི།།

འཁུར་བརྩོན་རྐང་དྲུག་དགྱེས་པའི་དུས་སྟོན་དུ་སྙིལ་ཅིག།

ཚོར་བའི་མདུད་བརྒྱ་བཅིངས་པའི་དྲན་ཤེས་ཀྱི་ཀློང་ན།།

རྣ་བའི་གདུབ་གོར་འདོག་པའི་མཛའ་གཅུགས་ཀྱི་བུ་མོ།།

བརྩེ་དུང་ཕྱག་གིས་རེག་པའི་སེམས་བསྐྱེད་ཀྱི་ཆོ་ག།

འདང་བརྩེའི་རང་ཚུགས་ཟིན་པའི་བརྡ་རྟགས་

སུ་སྒྲུབས་ཤིག།

ཉོན་མོངས་སིགས་མ་དོར་བའི་བསམ་གཏན་གྱི་གྲོང་ན།།

ཆོས་དབྱིངས་མགྲིན་པ་སྙན་པའི་མཁྱེན་ལྡན་གྱི་བླ་མ།།

རྨོངས་པའི་དགྲ་རུ་ལྡང་པའི་རིན་བྲལ་གྱི་གདམས་ངག།

རྟོགས་ཚོགས་སློབ་བུའི་དབུལ་བ་སེལ་བྱེད་དུ་རྩོལ་ཅིག།

དྲུག་སྐྱེས་དྲི་ཟའི་དབྱངས་ཀྱི་ཉིང་བཅུད་

ཀྱིས་བསྐྱངས་པའི།།

རྣ་བར་མགྲིན་པས་སྙན་དབྱངས་བཞེངས་མཁས་ཀྱི་ཁུ་བྱུག།

སྙན་འཇེབས་ངག་རྩལ་རྫོགས་པའི་དྲུག་འགྱུར་

གྱི་འགྱུར་ཁུགས།།

སྨིན་བྱེད་དཔྱིད་ཀྱི་དཔལ་མོའི་དུས་སྟོན་དུ་སྒྲོགས་དང་།།

བརྩེ་བའི་མནའ་ཚིག་ཨེན་ཙམ་འཁོར་བ་ལ་འཐིམ་ནས།།

ཐུགས་རྗེས་འཇའ་གུར་ཕུབ་པའི་བརྩེ་ལྡན་གྱི་ཡབ་ཡུམ།།

ཟོལ་མེད་བྱམས་བརྩེས་བརྡོལ་བའི་བསླབ་བྱ་ཡི་ནོར་བུ།།

བུ་ཆུང་རིགས་རུས་དུང་བའི་ལེགས་སྐྱེས་སུ་འབུལ་རོགས།།

ཕུལ་བྱུང་ལྷ་ཡི་མཛད་བསྐྱངས་སྲོང་བཙན་གྱི་རིགས་རྒྱུད།།

ལྷན་གཅིག་མཛའ་བཤེས་སྨིན་ལེགས་ལོ་མཉམ་གྱི་ཕུ་ནུ།།

མི་རིགས་དར་ཞིང་རྒྱས་པ་སྔོན་ཐོན་གྱི་ཆེད་དང་།།

སྐད་ཡིག་སྔར་བཞིན་གནས་ཕྱིར་འབད་པ་ལྷོད་མེད་བྱོས།


  • ལེ་ཚན་སྔོན་མ།:སྨན་ཆུའི་ཐིགས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།