༼ ལུག་རྫི། ༽ 2024-07-08
ཨ་མྱེས། ཁྱོད་ཀྱིས་སུ་ཚང་གི་བྱིས་པའི་ལུས་ཁུར་ནས་བདེ་སྡུག་འཐག་གིན་ཡོད། ངས་དོ་ནུབ་འབྲོག་ཐང་ཞིག་ན་ཆ་མེད་གཅིག་པུ་ལ་ཆར་སྒྲར་ཉན་བསྡད་ཡོད། སིམ་སིམ་གྱི་ཆར་སྒྲ་དང་། ལྷུང་ལྷུང་གི་ཆུ་སྒྲ། ཀྱུར་ཀྱུར་གྱི་བྱིའུ་སྐད་ལ་སོགས། བཟོ་བཅོས་མ་བརྒྱབ་པའི་སྐད་ཆ་རང་བྱུང་བ་མཐའ་དག་ལ་ང་རང་དགའ་པོ་ཞེ་དྲག་ཡོད་པས ངས་ནམ་རྒྱུན་སྐད་སྒྲར་ཕོག་ཐུག་མ་ཤོར་བ་བྱེད་བཞིན་ཡོད། ང་རང་བདེན་པ་སྐམ་པའི་ཁོར་ཡུག་ཏུ་སྐྱེས་ནས་འཚོ་བཞིན་ཡོད་པས་མིན་འགྲོ།
ཨ་མྱེས། ང་ད་ཚོད་ཁེར་མར་གོམས་ནས་ཡུལ་པོ་དང་སྐྲག་རྒྱུ་ཁྱོན་ནས་མི་འདུག། ངས་བློ་ཁོག་ལ་སྦྱོང་བརྡར་ཐེངས་གཉིས་གསུམ་བྱས་པ་ལ་གྲུབ་འབྲས་ཏན་ཏན་ཐོན་འདུག། མཇུག་ལ་ག་ལེར་སྙན་སྒྲོན་ཞུ། འོ་རེད། ངས་ཁྱོད་ལ་གཅིག་གསང་ཡོད། ལོ་དེ། ལྟོས་ཨ། ཏག་ཏག༡༠༡༥ལོ་རེད། མ་གཞིར་མ་གསང་ནའང་ཞུ་ས་མེད། མིག་དང་རྣ་བ་དང་བཅས་པའི་ཁྱོད་སྔོན་ལ་ཆིབས་སྒྱུར་གནངས་ཚར། ཁྱོད་ཀྱིས་ད་ལྟ་གསན་རོགས་བྱས་ན་དགའ་བ་ལ། མཁས་པ་ཞིག་གིས་ཆུང་མ་དྲན་གདུང་སྤྲིན་ལ་བསྐུར་མྱོང་ཡོད། རྐུན་མ་ཞིག་གིས་འཆི་ཁའི་ཁ་ཆེམས་རླུང་ལ་བསྐུར་མྱོང་ཡོད། བྱས་པ་ལ་འབྲས་སྨིན། བསྐུར་བ་ལ་རྗེས་བྱུང་བ་རེད། ང་ལ་དེ་འདྲའི་ལམ་འགྲོ་རྒྱུག་གི་ཡོད་འགྲོ། རེད་དེ། གང་ལྟར། ཁྱོད་ཀྱིས་གསན་ན་མ་གསན་ནའང་། གུས་པས་ཞུ་རྒྱུ་ཡིན། བློ་བདེ་བ་འདུག། ལོ་དེར་ངས་ལ་བརྒལ་ལུང་བརྒྱབ་ཀྱིས་ཤིང་ཅང་(ལི་ཡུལ་ཡང་ཟེར།)གི་མི་མེད་ལུང་སྟོང་ཡར་མར་ལེ་དབར་བཅུ་ཙམ་གྱི་ཚུན་དུ་མི་ཚང་གཅིག་ཀྱང་མེད་ས། མཐོ་ལ་བྲག་རི་རྔམ་བརྗིད་ལྡན་པ། གཞུང་ལ་གཙང་ཆུ་ཤེད་ཀྱིས་བཞུར་སའི་ལམ་ཟུར་ཞིག་ཏུ། བོད་ལྭའི་ཁུད་དུ་ཙོག་པུར་བསྡད་དེ་ནུབ་གཅིག་ཞག་སྡོད་བྱས།
བདག་ཕྱི་ཉིན་སྡེ་བར་གཟས་ནས་རྐང་ཐང་འགྲོ་དུས་ས་ལམ་རྡུལ་འཚུབ་བེའི་སྟེང་དུ་ཉིན་མོའང་འགྲུལ་བཞུད་མཁན་གྱིས་ཕོངས་འདུག། རླངས་འཁོར་གཅིག་རང་འདུག་པ་དེ་ང་ཡར་འགྲོ་བ་དང་འཕྲད། ཡུལ་ཚོར་འགྲོ་བའི་ས་ལས་པ་སྐོར་ཞིག་རེད། ཕུ་ལ་མ་འགྲོ་ཡུལ་ཚོ་ལ་མར་འགྲོ་ཞེས་ང་ལ་མོ་ཊར་སྡོད་ཟེར་མོད། ངས་མིན་ཚུལ་ལག་བརྡ་བཏང་ནས་ཡ་མ་བྱས་པར་ཕྱིན། ཁོ་ཚོའི་བསམ་པར་ང་གཡང་ཊི་འཚོལ་མཁན་རེད་བསམ་པ་འདྲ། ཧོ་ཐན་གྱི་གཡང་ཊི་ཞེས་རྒྱལ་ཡོངས་ལ་སྐད་གྲགས་ཆོད་པ་དེ། ཁོ་ཚོའི་འཚོ་རྟེན་ཡིན་ཚོད་འདུག། ང་ཁུ་ནུ་རི་རྒྱུད་ཀྱི་འདབས་རོལ་ན་ཡོད་ཅིང་། ལྷོ་ངོས་ཀྱི་བྲག་རི་གཟར་བའི་ལ་མོ་འདི་བརྒལ་ཐུབ་ན་མངའ་རིས་ཀྱི་ཕྲག་མགོ་རུ་སླེབས། ང་རང"གཟེབ་གླགས་མཐོ"བའི་ཁར།(ཁ་སྐད། རི་གཟར་ལ་ཐོགས་མེད་དུ་འཛེག་ནུས་པ།)ན་གཞོན་གྱི་རང་སྣང་ཆེན་པོ་དེ་བསྣན་པས། ཐོག་མར་རི་རྒྱུད་དེའི་ངོས་གང་ནས་ཇི་ལྟར་འཛེག་དགོས་མིན་གྱི་བློ་སྐྱེས་ཏེ་འཆར་གཞི་འདྲ་པོ་བཟོས་རུང་། དངོས་ཡོད་ཀྱི་མཚོ་བབ་དང་ས་ཁྲར་གཞིགས་ནས་བརྟགས་རྗེས་ལས་སླ་པོ་ཞིག་ཁྱོན་ནས་རེད་མི་འདུག་པས། ཅམ་གྱིས་བཞག་པ་ཡིན། "མི་འཇོན་གསུམ་བཀྱག་བྱས་ན། སྔོ་ལོ་ལངས་ནས་ཞུས་ཡོང་།" སྡུག་ཉེས་ན་རྗེས་ནས་ལངས་རྒྱུ་ཡོད་མེད་ཅི་ཤེས།
ཨ་མྱེས། ཧོ་ཐན་རྫོང་མིང་འདི་རྒྱ་དཀར་ནག་དང་བོད་སྐད་གང་རུང་ལས་བྱུང་ཞིང་ཐེངས་མང་བརྗེས་པར་གྲགས། ཡང་སྙིང་འབྱུང་ཁུངས་ད་དུང་ཐག་ཆོད་མེད། གོ་ཐོས་སུ་འདིའི་ཐག་ཉེ་ན་བོད་ཀྱི་ཡུལ་ཚོ་ཞིག་ཡོད་ཟེར། ད་དུང་ཁ་ཧྲེ་ནའང་བོད་སྡེ་ཞིག་ཡོད་པ་ཁ་པར་གྱིས་ང་ལ་བསྟན་ནའང་། ཁལ་མ་དང་ས་རྒྱུས་མེད་པས་རྩད་གཅོད་དུ་འགྲོ་ཐབས་བྲལ། སྐབས་དེ་དུས་ང་ལ་དབང་བའི་རྟ་ཕོ་ཞིག་ཡོད་ན་བསམས། "རྐང་ཐང་ལ་མ་ཕྱིན་པར། རྟ་རྩ་ཆེན་ཡིན་པ་མི་ཤེས།"དེ་ག་རང་རེད། གལ་ཏེ་ཡོད་ན། ངས་ཕུ་རུང་གནམ་ལ་བསྐོར་ནས་ཕྱི་མིའི་མདུན་ནས་ཉམས་བཟང་བརྒྱབ་སྟེ། དཔའ་ངར་ལྡན་པའི་མེས་པོའི་གཟི་བྱིན་གྱི་ཆ་ཤས་ཙམ་ཁོ་ཚོར་ལྟ་རུ་འཇུག་གི་རེད། ད་སྐྱུར་ཞོག། སྟོང་བསམ་གྱིས་ལམ་མི་ཆོད། རྗེས་མར་མཐུན་རྐྱེན་ཕུན་ཚོགས་དང་དུས་ཚོད་འདང་ངེས་ཡོང་བ་ཤོག་ཅེས་སྨོན་ལམ་འདྲ་བརྒྱབ་ནས་མུ་མཐུད་ནས་ཕྱིན་པ་ཡིན།
ཨ་མྱེས། ཉིན་ཕྱེད་ཙམ་ལ་གཞི་ནས་འགྲོ་སར་བསླེབས། ཕར་བལྟས་ཚོད་ཀྱིས་རི་སྒང་འོད་ཐེར་རེ། ཀླུང་ལའང་སྔོ་རྩྭ་དེ་ཙམ་མེད་པའི་ལུང་པ་ཞིག་འདུག། ཚལ་ཞིང་འགའ་ལས་ཞིང་ཕྱུགས་ཉུང་ཉུང་ཙམ་རེད། མདའ་ན་ཆགས་པའི་སྡེ་བ་ལ་ཀླུང་ཕལ་ཆེར་ལུག་གཡར་དཀར་གྱིས་ཁྱབ་པ་དེ་དང་བསྡུར་ན། འདི་གང་ས་ཅི་ཐད་ནས་ཡིག་ཚད་ལོན་མི་འདུག། ཕྱི་སྣོད་གཉིས་ཀ་སྐྱོ་པོ་འདུག། སྡེ་མི་ཁ་ཤས་ཀྱིས་ང་མཐོང་བ་དང་དགོད་ནས་ཅེར་བྱུང་། ཡུད་ཙམ་ལ། རས་ཡོལ་གྱི་གློག་བརྙན་ལ་འཚང་གས་ལྟ་རུབ་རྒྱག་པ་བཞིན། སྡེ་བ་རྒན་གཞོན་ཚང་མ་དུས་གཅིག་ལ་ངའི་རྩར་བྱུང་ནས། བོད་ལྭ་གྱོན་ཞིང་གློ་གྲི་བཏགས་པའི་ང་དང་ངའི་ཆ་ལུགས་ལ་མཚར་སྣང་དང་བཅས་ཡ་མཚན་གྱི་མིག་མདངས་ཀྱིས་ཕུར་ཚུགས་སུ་ལྟ་ཞིང་། ཁོ་ཚོས་མི་འདི་ག་ནས་ཡོང་བ་ཡིན་ནམ་ཞེས་ངའི་ཕ་ཡུལ་ཚོད་དཔག་བྱེད་ཀྱི་ཡོད་ཚོད་རེད། ཕན་ཚུན་ལོག་སྐད་ལྟ་བུ་ཞིག་བརྒྱབ་ནས་མིག་ཧྲིག་ཧྲིག་གིས་ངའི་སྤྱི་གཙུག་ནས་རྐང་མཐིལ་གྱི་ལུས་ཧྲིལ་བོར་སྡིགས་ནས་གང་འཚམ་ཞིག་བསྡད་སོང་། ཆུང་དུས་འུ་ཚང་གི་ཡུལ་ལ་ཕྱི་གླིང་བ་སླེབས་དུས་ཀྱི་ཡུལ་མི་ཚོའི་ལྟ་སྟངས་དེ། ཁོ་ཚོས་ངའི་མདུན་དུ་འཁྲབ་སྟོན་ཐེངས་གཅིག་གནང་སོང་བས། ཐག་རིང་ནས་ཡུལ་མི་སྤུན་མཆེད་དྲན་པ་དང་ཆབས་ཅིག། ང་ཁྱུག་ཙམ་ལ་མེ་འཁོར་ཆུ་ཚོད་་གསུམ་བཞིས་འབྱོར་བའི་ལུང་པ་དེར་བསྐྱལ་བྱུང་།
ཨ་མྱེས། ང་རང་གཞན་ཡུལ་འགྲིམ་རྒྱུར་དགའ་བས་ཡིན་ནམ། རྒྱང་ནས་ཕ་མ་དྲན་དྲགས་ནས་མིག་ཆུ་ཤོར་དུས་ཡོད་མ་མྱོང་།"སྡུག་ཀྱང་མཆི་མ་མི་གཏོང་བ། སྐྱེས་པ་ཕོ་ཡི་ངང་ཚུལ་རེད།" ང་ཕོ་ཡིན་ཡང་དེའི་ངང་ཚུལ་ཡོངས་སུ་ཚང་མེད་པ་འདྲ། སྐབས་སྐབས་སུ་མུན་ཁྲོད་དུ་རྒྱུག་པའི་ཁོ་བོའི་ཕྱིར་དྲན་གྱི་ལག་སྣེར་ཁྱོད་རང་ལ་ཐོགས་ནས། དྲན་གདུང་གི་མཆི་མ་མཁུར་ཚོས་ཀྱི་ལོགས་ནས་འགྲེ་ལྡོག་ཡང་ཡང་རྒྱག་གིན་རྒྱག་གིན་ལྷུངས་ནས་འགྲོ། ད་འདི་སྐྱུར་ཞོག། ད་ཅིའི་ཞུ་འཕྲོ་དེ་ཞུས་ན། དུད་འགྲོ་ཆ་མེད་གཉིས་ཆུ་ཁར་ཐུག་པ་བཞིན། ང་ཚོ་ཕན་ཚུན་ལ་ལྟ་རེས་ལས། ཐུན་མོང་གི་ཁ་བརྡ་ཧ་ལམ་མེད་དེ། ཕན་ཐོགས་པའི་ཐ་སྙད་དག་ཡང་སྐོར་བསྐྱར་སྐོར་གྱིས་སྤྱད་རུང་བསམ་པའི་ཚུལ་དེ་ཕ་རོལ་བས་ཧ་མི་གོ། གནས་དེ་ན་ལོ་ཙཱའི་ཟམ་པ་རྒྱག་མཁན་ཞིག་ཡོད་ན་ཅི་མ་རུང་། ང་ཚོ་ཕན་ཚུན་གྱི་སེམས་པའི་ནང་དུ་འགྲོ་རེས་བྱས་ཆོག། རེ་སྒུག་གི་ཁྲོད་ནས་ངའི་བསམ་དོན་གྲུབ་སོང་། སྟབས་ཡག་ནས་ཤིང་ཟམ་སྐྲུན་ཐུབ་ཚད་ཅིག་འདུག "དབུ་ཆེ་མོ་བ"ཞིག་ལ་རེ་སྨོན་བྱས་མོད། མ་རེད་བཞག ཡིན་ནའང་མོ་ལ་སྐྱོན་མི་འདུག། སྔ་ཕྱི་ཙམ་མ་གཏོགས་ཆགས་རྒྱུ་རེད། ཡིན་ནའང་ང་ལ་སྐྱོན་འདུག། སྔ་ཕྱི་ཙམ་མ་གཏོགས་འགྲོ་རྒྱུ་རེད། དེས་མ་ཚད། སྒུག་ལོང་མེད། (གནམ་ལྕགས་རོལ་ཚོགས་ཀྱི་བཀའ་མོལ་ལྟར་ན།)"ང་ཡི་ལུས་པོ་འདི་སུའི་རེད། ལས་དབང་གིས་བཅིངས་ནས་སྒུལ་ཐབས་གང་ཡང་མི་འདུག" དེ་ནས་ངས་ཁོ་ཚོར་ང་བོད་ནས་ཡིན་ཚུལ་ལབ་པ་དང་སྤུན་ཟླ་རེད་ཅེས་བརྩེ་སེམས་ཆེན་པོས་སྙིང་ཉེ་ཉེ་བྱས་ཏེ། (དེ་ཅི་ཁག ་་་་་་་) ངའི་ཚིག་དེ་ཁོ་ཚོར་བསྐྱར་སོང་། གནང་ལུགས་དེས་ངའི་སེམས་དྲོ་སེ་བ་ཞིག་བྱུང་། མོ་ནི་རྒྱ་སྐད་ཅུང་ཟད་གོ་བའི་སྡེ་དཔོན་གྱི་ལག་རོགས་རེད། མོའི་དྲིན་གྱིས་ང་ལ་གནས་ཚང་ཐབས་ཆག་ཅིག་རག་པར་མ་ཟད། ཕྱི་ཉིན་ང་དང་སྡེ་དཔོན་གྱི་ཁ་རྩོད་དེ་ཡང་མོས་ངག་འཇམ་ཐབས་མཁས་ཀྱིས་བཀག་སྟེ། རྒྱག་རེས་ཀྱི་ངོ་བོར་མ་འགྱུར་པ་རེད། ངས་མོ་མོ་ཞེས་བརྗོད་རྒྱུ་རང་ལས། མིང་ངོ་མ་དེ་སྐད་ཆུང་ངུས་ལབ་མ་མྱོང་། ཡིག་འབྲུ་མང་དྲགས་ནས་ངེས་མ་ཐུབ་པར་བརྗེད་སོང་། བསྐྱར་འདྲི་བྱེད་མ་ཕོད།
ཕྱི་དྲོར་མོས་ང་མགྲོན་ལ་བོས་བྱུང་། མིན་བྱས་པས། ང་ཚོར་སྣེ་ལེན་ཞུ་སྤྱད་མེད་འདོད་དམ། ལུང་ཁུག་ཡིན་ནའང་ཟ་སྙིང་གང་འདོད་ཡོད་ཟེར། ངས་དེ་མིན་ཞུས་པ་ལ། འོ་ན་འགྲོ་ཟེར། ངོ་བཟློག་མ་ཐུབ་པར་ཆ་ལ་ཕྱིན་ཡིན། ཁང་པ་སོ་ཕག་གིས་གྲུབ་པའི་གཅིག་ཐོག་ཤ་སྟག་ཏུ་འདུག སྟབས་བདེ་དྲགས་ནས་སྐྱས་སྤོས་བྱེད་ཆོག་ཆོག་ཅིག་གདའ། ལོགས་བཀར(བཟའ་འཐོར)བྱས་ནའང་བགོ་བཤའ་རྒྱག་བདེ་པོ་འདུག། (ངའི་སེམས་ནང་གི་སྐད་ཆ་རེད། ཁོ་ཚོས་གོ་ན་དཔེ་ནག་པོ་བསགས་པ་རེད།) ཨར་སྐྲུན་ལག་རྩལ་ཡང་ཨའུ་ཙི་འདུག། ཨའུ་ཙི་ཟེར་ནའང་། ང་རའི་(རང་གི་བསྡུས་བྲིས)མཛེས་དཔྱོད་ཀྱི་ལྟ་བར་རྡུང་ཐུག་མ་བརྒྱབ་པ་ཙམ་རེད། ངས་པདྨ་དང་སྨིག་བཅད། རུ་བཞིས་མཚོན་པའི་ཨར་སྐྲུན་གྱི་ཐ་སྙད་འགའ་བློ་ལ་ཡོང་བ་ལས། གཞུང་དང་ལག་ལེན་གཉིས་ཆར་རྨོངས་ནས་ཡོད་ཅིང་། ཁང་པ་དེ་འདྲར་ལོ་མང་བསྡད་མྱོང་ཡོད་ལབ་ན་མི་ལ་ངོ་ཚ། རྒྱུས་ལོན་བྱས་པ་དངོས་གནས་ཉུང་དྲགས་བཞག།
ཁོ་ཚོའི་ལུགས་སྲོལ་ལ། ང་ཚོ་ལྟར་མགྲོན་པོ་གྲལ་འགོར་འཇོག་སྲོལ་འདུག། གསོལ་ཚིགས་མ་དྲངས་པའི་གོང་ཙམ་ལ། མོས་ལག་ཏུ་ཆུ་དེམ་སྨུག་ཆུང་ཞིག་བཟུང་སྟེ་ང་ཕྱི་ལོགས་སྐད་བཏང་ནས། ལག་པ་ཁྲུས་དང་ངས་ཆུ་བླུག་ཟེར། མ་གཞི་ཟ་ཁར་ལག་བཀྲུ་སྲོལ་བཟང་པོ་ཡིན་མོད། རྫོང་གི་ཁ་ཆེ་བའི་བྱེད་སྟངས་དེ་དྲན་ནས། ང་ལ་རྣམ་རྟོག་འདྲ་ཞིག་ལངས་ནའང་། "ཡར་ཀླུང་ཁོག་ཏུ་བསྡད་ན། ཡར་ལྷ་ཤམ་པོ་མཆོད་དགོས།"པས། མོས་བྱོས་ཟེར་ཚད་ལ་ལགས་སོ་ཞུ་རྐྱང་བྱས་པ་ཡིན། ང་ཚོ་ཡིན་ན་མགྲོན་པོ་མ་ཐོན་གོང་ལ་ཕོར་བ་བསྡུ་སྲོལ་མེད་ལ། བསྡུས་ན་མགྲོན་པོར་སོང་ཟེར་བའི་བརྡ་རུ་གོ་སྲིད། ཡིན་ཡང་ཁོ་ཚོའི་ནང་དུ་དེ་ལས་ལྡོག་སྟེ། མི་མ་ཕྱིན་གོང་ནས་ཕོར་བ་བསྡུས་སོང་། ངས་དེ་རིང་ཅ་ཟིང་པོ་བཟོས་པས་མི་ཚད། བྱེད་སྟངས་གཅིག་འགྲིག་མ་སོང་བསམས་ནས་དོགས་མ་བདེ་བ་ཞིག་བྱུང་མོད། གྱེས་ཁར་དེ་ལུགས་སྲོལ་ཡིན་པ་གོ་ནས་བློ་བདེ་འབོལ་ལེ་བྱས་བྱུང་།
ཨ་མྱེས། ཆོབ་ཚ་བ་ཞིག་ལ། ངས་གློག་མེད་པའི་ལུང་པ་དེ་ནས། ཚོང་ཁང་གི་དྲ་མ་ནས་ང་ལ་གན་དགོས། འདི་དགོས་ཞེས་ལྐུགས་བརྡ་བཏང་རུང་། མོས་ངོས་མ་ཟིན་པར་ནང་ལ་ཤོག་ཅེས་ཚོང་གང་མཁོ་ང་རང་ལ་ལེན་དུ་བཅུག་བྱུང་། ལུང་བ་དེའི་བུ་ཕྲུག་གིས་རྒན་རྒོན་ལ་སྲི་ཞུ་ཡག་པོ་སྒྲུབ་ཀྱིན་མེད་པའི་ང་ལ་བག་ཆགས་བཞག་བྱུང་། ང་གནས་མོའི་ནང་ལ་སྟབས་ཐུག་སྦོང་བྱེད་ཀྱི་ཆུ་ཁོལ་སློང་བར་འགྲོ་དུས། ཨ་མྱེས་ཁྱོད་དང་ན་ཟླ་ཡིན་སྙམ་པའི་མ་རྒན་གཉེར་མའི་བང་རིམ་ཆགས་པ། དབུ་དཀར་རྐྱང་ཅན་ཞིག་ཉལ་ཁྲིའི་ཁར་ཉིན་མོའང་གཟིམས་འདུག། སྔས་འགྲམ་གྱི་ས་ཐོག་ན་ཚ་དེམ་ཞིག་འདུག་པ་དེ་ནས་ཆུ་བླུག་རྩིས་བྱེད་སྐབས་ཆུ་ཐིགས་ཙམ་ཡང་ལྷག་མི་འདུག། ད་དུང་ཁང་པའི་ནང་རུལ་དྲིའམ། ཡང་ན་ངོས་མི་ཟིན་པའི་དྲི་ངན་སྣ་ཁུང་ཡང་ཚ་བེར་བེར་བྱས་ཡོང་བ་ཞིག་བྲོ་ཡི་འདུག། "རྟ་འདོ་བ་རྒས་ན་རིན་ཐང་མེད། ཡུལ་ཕ་མ་རྒས་ན་ངོ་སོ་མེད་"ཐག་ཆོད་རེད། མ་རྒན་གྱི་བུའི་མནའ་མས། ཏན་ཏན་མོ་རང་ལ་ཡག་པོ་བྱེད་ཀྱི་མེད་པ་འདྲ། ཁྱོ་ག་ལས་ཀར་སོང་ཤུལ་ནས། མོས་ལས་ཀྱིས་བསྐོས་པའི་ཕ་མའི་སྲི་ཞུ་དེ་མི་འདོད་ཁུར་དུ་འདོད་ནས། སྣང་ཆུང་བྱས། ཁྲལ་ནང་བཞིན་འཁྱོལ་ལ་མ་འཁྱོལ་ཞིག་བྱས་ནས་འགྲོ་ཐབས་བྱེད་ཀྱི་ཡོད་ས་རེད། རྨོ་ལགས་དེ་སྙིང་མ་རྗེ། མོའི་དཀའ་སྡུག་བུས་ཤེས་ཀྱི་མ་རེད། མོ་རང་ནས་བཟའ་ཚང་འཁྲུགས་དོགས་ཀྱིས་གསུང་གི་མ་རེད། དེང་སང་སྟོད་སྨད་གང་སར་མནའ་མའི་མགོ་འཕང་ཇེ་མཐོ་རེད། ངེད་ཀྱི་ཡུལ་ནའང་"ཉྭ་ཕྲ་འཇིང་སྦོམ་"ཞེས་པའི་མཚང་མིང་ཞིག་བཏགས་ཡོད་པ་ཁྱོད་ཀྱིས་གོ་ཐོས་བྱུང་མེད། ཨ་མྱེས། ང་དེ་ནས་ཐོན་པའི་སྔ་ཉིན་གྱི་ནུབ་མོ་དེར་མི་ཞིག་ངའི་སར་འོངས་ནས་རྔ་མོང་ལ་བཞོན་ནམ། གོང་སླ་མོ་བྱེད་ཆོག་ཟེར། གོང་སྒྲིག་གིན་སྒྲིག་གིན་མ་འགྲིག་པར་ཁོ་བུད་སོང་། ཁོས་ང་ལ་སྟ་རེ་གཞུ་རྩིས་འདུག ཉིན་མོའི་རྨི་ལམ་རང་རེད། ངས་ཤོག་བུའི་ས་ཁྲ་ལས་སྡེ་བ་གཞན་རིང་མིན་གྱི་སར་ཡོད་པ་སྔར་ལས་རྙེད་ཟིན་པས། ངའི་ལུས་ནས་སྐར་མ་གང་ཡང་ལེན་རྒྱུའི་སྟོང་བསམ་མ་བཅངས། བརྐུས་ན་མ་གཏོགས། "རྐུན་མ་དང་སངས་རྒྱས་གར་ཡོད་མི་ཤེས"ལ། ལྷག་པར་དུ་ང་རྐུན་མའི་ལུང་པ་ན་ཡོད།"ངས་གཏན་ཤིང་གིས་ཤིང་སྒོ་དམ་པོར་བརྒྱབ་ནས་ཟོན་ལྟ་བུ་བྱས་མོད། སང་ཞོགས་ལྟ་དུས་དེ་ལས་ཀ་ལྷག་མ་རེད་འདུག། རྐུན་མ་རྐུན་མའི་ཚོད་ཀྱིས་ཆོག་ཤེས་འདུག། ཁོ་ཚོས་གཞན་ཡུལ་ལས་རང་ཡུལ་ནས་རྐུ་མི་བྱེད་པར་གྲགས། (བཤད་སྲོལ་ཞིག་ཡོད་དེ། ད་གཡུགས་ཞོག ) སྐད་ཆ་མང་ན་འཆལ་འགྲོ།
ཨ་མྱེས། ཤིང་ཅང་གི་སྐོར་ད་དུང་ཇི་ཙམ་གླེང་ནའང་། ཁྱོད་ལ་སྒྲ་སྤྱི་ཙམ་ལས་མི་སྣང་བས། ད་ཞུ་རྒྱུ་མིན། ཁོ་བོས་སྐད་ཆ་བསྣར་ནས་ཁྱོད་རང་ཤིང་ཅང་ལན་གཅིག་བསྐྱལ་བས་སྐུ་ཐང་བསྙེལ་ཨེ་བྱུང་། ད་ངས་བོད་དུ་ཞག་སྡོད་བྱས་ཚུལ་ཞུ་རྒྱུ་ཡིན་ལགས། ཤིང་ཅང་ལ་སོང་བའི་ཕྱི་ལོར་གོ་འཇོ་ས་ངན་ནས་དཔལ་ཡུལ་ལ་མགྱོགས་ལམ་ནས། གཅན་གཟན་ཡང་ཡོད་སྐད་ཀྱི་ནགས་ཚལ་རབ་ཏུ་སྟུག་པ་དཀྱིལ་ནས་གནམ་ལས་མི་མཐོང་བ་འཕྲེད་བཅད་ཀྱིས་བརྟོལ། ལམ་གྱི་རྐང་རྗེས་ཆར་གྱིས་གསལ་ལ་མི་གསལ་དུ་བཏང་འདུག་པས། གང་འཚམ་ཞིག་ནས་ངའི་ཁ་ཕྱོགས་ཀྱང་འཁྲུལ་ནས་མགོ་རྦད་དེ་འཐོམས་སོང་། ངས་ཆུང་དུས་དེབ་ལས་གོ་བའི་ཕྱོགས་སྟོན་འཁོར་ལོའི་ཡིག་འབྲུ་རེ་རེ་མ་ལུས་པར་དྲན་མོད། དེའི་བྱེད་ནུས་དང་སྤྱོད་སྟངས་ཐད་ལ་ང་རྨོངས་ནས་ནག་ཐིབས་སེ་བྱས་བྱུང་། ངས་གྲོག་ཤུར་ནས་ཤར་རྒྱག་འབབ་ཅིང་འབྲི་ཆུའི་གཞུང་དེད་དེ། ཟམ་འགྲམ་གྱི་ས་མཚམས་སྲུང་མིའི་ཁང་གོག་དེར་ནུབ་གཅིག་ཞག་སྡོད་བྱས་པ་ཡིན། འདི་དང་གོང་གི་དེས། ངའི་དཔའ་བློ་ཁོག་བསྐྱེད་པ་ཡིན་ནམ་ཅི། ད་ལྟ་ང་ལ་སྤྱང་སྙིང་བཟོས་པ་ནང་བཞིན་སུ་ལའང་མི་སྐྲག་གི། དེ་ལྟར་ངས་མུན་ཁྲོད་ནས་སྐར་མར་ལྟ་ཞོར། ཆུང་དུས་ཁྱོད་ཀྱི་རུམ་ནས་སྐར་མ་བརྩི་བའི་ལྷས་རའི་ནང་གི་བདེ་སྐྱིད་དེ་སྐྱོ་བས་མྱོང་གིན་ཡོད། ཁྱོད་བཞུད་རྗེས། ངེད་ཚང་གི་ལུག་ཁྱུ་ཡང་ཐོར་སོང་། ངས་ཁྱོད་ཀྱི་མཛད་འཕྲིན་སྐྱོང་མ་ཐུབ་པར་འགྱོད། ཡིན་ཡང་དེང་སང་མི་ཚང་ཕལ་མོ་ཆེས་སྒོར་མོ་ཡོད་ན་ལུག་བལ་དང་རིལ་མ་ག་ཚོད་ཉོས་ཉོས་རེད་ཅེས། ཟོག་ལུག་བཙོངས་ནས་རྒྱ་གྲོང་དུ་གཡོག་ལ་སྤྲོ་བཞིན་དུ་བརྒྱུགས་སོང་།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10