འབའ་ཐང་རྫོང་གིས་ཆུ་འབྲུབ་དུས་ཀྱི་སྔོན་འགོག་ལས་ཀ་ཡག་པོ་སྤེལ།

( སྐལ་བཟང་རྒྱ་མཚོས་བསྒྱུར།)        2024-07-08

མིག་སྔར་ནི་འབྲུབ་འགོག་གི་འགག་རྩའི་དུས་སྐབས་ཡིན་པས་ཆུ་འབྲུབ་དུས་ཀྱི་སྔོན་འགོག་ལས་དོན་ཡག་པོ་སྒྲུབ་ཆེད། ནུས་ཤུགས་ཡོད་རྒུས་ཆུ་ལོག་སྔོན་འགོག་གི་གྲ་སྒྲིག་ལས་ཀ་ཡག་པོ་སྤེལ། ཉིན་ཤས་རིང་། འབའ་ཐང་རྫོང་གི་སྡེ་ཚན་ཁག་དང་ཡུལ་ཤོག་གྲོང་རྡལ་ཁག་གིས་འབྲུབ་སྐྱོན་དང་གནོད་འཚེ་ཆེན་པོ་འགོག་པའི་འདུ་ཤེས་བརྟན་པོ་བཟུང་ནས་འབྲུབ་སྐྱོན་དང་འབྲེལ་བའི་མངོན་མེད་རྐྱེན་ངན་ཁེར་བཤེར་དང་འབྲུབ་འགོག་གི་ནང་སྦྱོང་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་ཏེ། ནུས་ཤུགས་ཡོད་རྒུས་འབྲུབ་འགོག་གི“ཉེན་མེད་ཀྱི་མཐིལ་ཚད”བརྟན་པོ་སྲུང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་བྱས།

ཉེ་ཆར། མཚོ་ལ་གྲོང་རྡལ་གྱིས་གྲོང་རྡལ་དེའི་མངགས་གཏོང་ཁང་དང་འཕྲོད་བསྟེན་ཁང་དང་མཉམ་འབྲེལ་བྱས་ནས2024ལོའི་ལོ་འཁོར་གྱི“གནོད་འཚེ་མང་པོ་མཉམ་འདུས”དང“ཞོད་དུས་གནོད་འགོག”གི་ཕྱོགས་བསྡུས་འཚུབ་བསྟུན་ནང་སྦྱོང་གི་བྱ་འགུལ་སྤེལ་བ་རེད། ད་ཐེངས་ཀྱི་ནང་སྦྱོང་ནི་གྱང་སྒང་གྲོང་སྡེའི་ས་ཁོངས་སུ་གློ་བུར་དུ་ཆུ་ལོག་ཐོན་པ་དང་གཞི་ཁྱོན་ཆེ་བའི་རི་ཉིལ་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་བཟོས་པས་དུས་ཚོད་ཐུང་ངུ་ནང་གནས་སྤོ་བཀོད་སྒྲིག་བྱ་རྒྱུ་རྒྱབ་ལྗོངས་སུ་བྱས་པ་རེད། རྔ་བརྡུངས་བ་དང་ཉེན་བརྡའི་སྒྲ་གཅིག་རྗེས་གཅིག་བསྒྲགས་པ་དང་བསྟུན་ནས་ནང་སྦྱོང་དངོས་སུ་འགོ་བརྩམས་ཤིང་། ལྟ་ཞིབ་ཚད་ལེན་བྱེད་ས་ནས་ཉེན་བརྡའི་བརྡ་རྟགས་བཏང་རྗེས་གྲོང་རྡལ་བཀོད་འདོམས་པུའུ་ཡི་ལས་རེས་མི་སྣས་མགྱོགས་མྱུར་དུ་འཆར་ཇུས་ལག་བསྟར་བྱས་ཏེ་དཔུང་ཁག་བསྡུས་ནས་ལས་ཀ་བཀོད་སྒྲིག་ཡག་པོ་བྱས་པ་དང་། སོ་སོའི་འགན་འཁྲི་དང་ལས་འགན་ཁ་གསལ་བཟོས་པར་མ་ཟད། དུས་ཚོད་ཐུང་ངུ་ནང་ཉེན་ཁ་མྱུར་སེལ་མི་སྣ་བསྡུས་ནས་གྱང་སྒང་གྲོང་སྡེར་བསྐྱོད་དེ་ཡུལ་མི་རྣམས་གནོད་འཚེ་གཡོལ་ས་རུ་གནས་སྤོ་དང་ཉེན་གཡོལ་བྱས་པ་རེད། འཚབ་བསྟུན་ནང་སྦྱོང་གི་བརྒྱུད་རིམ་ཧྲིལ་པོ་ཚ་ཚ་འུར་འུར་དང་གོ་རིམ་ལྡན་པ། སྒྲིག་འཛུགས་ནན་པོ། ལས་བགོས་ཁ་གསལ་བ། བྱ་སྤྱོད་མགྱོགས་མྱུར་བཅས་ཀྱི་ཐོག་ནས་སྔོན་དཔག་གི་དམིགས་ཡུལ་ལེགས་གྲུབ་བྱུང་སྟེ་ནང་སྦྱོང་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད།

འབྲུབ་འགོག་གི་ལས་དོན་ཏན་ཏིག་བསྒྲུབས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་འགན་ལེན་བྱ་ཆེད། ཆར་ཆུ་མང་བའི་དུས་ལ་སླེབས་པ་ནས་བཟུང་སྡེ་དར་ཡུལ་ཤོག་གིས་དུས་མཚམས་གཙོ་བོ་དང་གནས་ཡུལ་གཙོ་བོར་དམིགས་ཏེ། ཏང་མི་ལས་བྱེད་པ་དང་དང་བླངས་པ་རྣམས་བསྡུས་ཏེ་ལས་མཁོའི་ཡུལ་དངོས་སུ་བསྐྱོད་ནས་འབྲུབ་འགོག་གནོད་འགོག་གི་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་།མང་ཚོགས་ཀྱི་འབྲུབ་འགོག་གནོད་འགོག་གི་འདུ་ཤེས་དང་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་བཏང་བ་རེད། དེ་དང་ཆབས་གཅིག་ཏང་མི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་མངའ་ཁོངས་སུ་རྣམ་གྲངས་འཛུགས་སྐྲུན་བྱེད་བཞིན་པའི་བཟོ་པ་སྡོད་ཁང་དང་ལས་སྒྲུབ་ཡུལ་དངོས་སོགས་འགངས་ཆེའི་གནས་སུ་བསྐྱོད་དེ་ཞོད་དུས་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ལྡན་མིན་ཁེར་བཤེར་བྱས་པ་དང་། བཟོ་པའི་སྡོད་ཁང་དང་ལས་སྒྲུབ་བྱ་ཡུལ་བཅས་སུ་འཚུབ་བསྟུན་གྱི་ཇུས་གཞི་འཐུས་ཚང་ལྡན་མིན་དང་། ཞོད་དུས་ས་གཤིས་གནོད་འཚེ་འབྱུང་ཚེ་ཁ་གཏད་གཅོག་པའི་བྱ་ཐབས་ལྡན་མིན། རི་ཉིལ་བ་དང་ཆུ་ལོག་དང་རྡིབ་ལྷུང་བཅས་ཀྱི་རང་བྱུང་གནོད་འཚེའི་མངོན་མེད་རྐྱེན་ངན་ལ་ཁེར་བཤེར་བྱས་ཡོད་མེད་བཅས་ནས་ཞིབ་དཔྱད་བྱས་པ་རེད། ཕྱོགས་ཡོངས་ནས་གནད་འགངས་ཆེ་བའི་ས་ཁོངས་དང་གནས་ཡུལ་གྱི་མངོན་མེད་རྐྱེན་ངན་ཁེར་བཤེར་བྱས་ནས་ཧུར་འཐག་གིས་འཚུབ་བསྟུན་ཉེན་སྐྱོབ་ཀྱི་འཆར་ཇུས་འཐུས་ཚང་བཏང་ཤིང་། ཏན་ཏིག་གིས་འབྲུབ་འགོག་བྱ་ཐབས་དོན་འཁྱོལ་བྱས།

མངའ་ཁོངས་ཀྱི་འབྲུབ་འགོག་སྐོར་ཞིབ་ལས་དོན་སྔར་བས་ཡག་པོ་བསྒྲུབ་ཆེད། ལྷག་བ་ཡུལ་ཤོག་གིས་མངའ་ཁོངས་ཀྱི་གྲོང་ཚོ་ཁག་ཏུ་འབྲུབ་འགོག་ཉེན་མེད་ཀྱི་མངོན་མེད་རྐྱེན་ངན་ལ་ཁེར་བཤེར་ཆེན་པོ་བྱས་ཏེ་འབྲུབ་དུས་ཉེན་མེད་ཀྱི་རགས་ཁྱོན་ཡོངས་ནས་བརླིང་པ་བརྩིགས་ཡོད། ཞིབ་བཤེར་ཁྲོད་ལས་དོན་ཚོ་ཆུང་གིས་ས་གཤིས་གནོད་འཚེ་འབྱུང་ས་དང་ཆུ་ལམ་དང་། ཡུར་བུ། ས་བབ་ཅུང་དམའ་བའི་ས་ཆ་སོགས་གཙོ་གནད་བྱས་ནས་རེ་རེ་བཞིན་ཞིབ་བཤེར་བྱས་པ་དང་། “སྔ་ཙམ་སྐོར་ཞིབ་དང་། སྔ་ཙམ་ཤེས་རྟོགས། སྔ་ཙམ་སྙན་ཞུ། སྔ་ཙམ་བརྟག་གཞལ། སྔ་ཙམ་ཐག་གཅོད”བཅས་བྱེད་པའི་རྩ་དོན་གཞིར་བཟུང་ནས་ཆུ་འབྲུབ་དུས་ཀྱི་གཙོ་གནད་ཁག་གི་བདེ་འཇགས་དུས་བབ་ལ་དབྱེ་ཞིབ་དང་བརྟག་དཔྱད་བྱས་ནས་ལྷག་བ་ཡུལ་ཤོག་གི་གནད་དོན་གསེད་བཀྲོལ་བྱས་པ་རེད། ཆབས་གཅིག་ཏུ་འབྲུབ་འགོག་དྲིལ་བསྒྲགས་ཡག་པོ་བྱས་ཏེ་ཁེར་བཤེར་བྱེད་རིང་མང་ཚོགས་ལ་མི་ལུས་ཉེན་མེད་ལ་དོ་སྣང་དང་། ཉེན་ཟོན་སྔོན་བརྡ་ཆ་འཕྲིན་ལ་དོ་སྣང་བྱེད་པ།ཉེན་ཟོན་སྔོན་བརྡ་བརྡ་རྟགས་ཤེས་པ། ཕྱིར་འཐེན་ལམ་ཐིག་དང་ཉེན་གཡོལ་ས་གནས་རྒྱུས་མངའ་ཡོད་པ་བཅས་ཀྱི་དྲན་སྐུལ་བྱས་ནས་མང་ཚོགས་ཀྱི་འབྲུབ་འགོག་གནོད་འགོག་གི་འདུ་ཤེས་དང་རང་སྐྱོབ་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཆུ་ལོག་སྔོན་འགོག་དང་གནོད་འཚེ་སྔོན་འགོག་ནང་ཞུགས་པའི་ཁོར་ཡུག་བཟང་པོ་ཆགས་སུ་འཇུག་པ་རེད།།

  • ལེ་ཚན་སྔོན་མ།:ཆབ་སྲིད་སྒྲིག་ཁྲིམས་ཀྱིས་སྣེ་ཁྲིད་དེ་སྒྲིག་ཁྲིམས་ཁག་དྲུག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་རྩོམ་པར་སྒྲིག་ཁྲིམས
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།