《བདེན་འཚོལ》དུས་དེབ་ཏུ་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད།

        2024-07-04

    སྤྱི་ཟླ7པའི་ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས13པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2022ལོའི་ཟླ10ཚེས16ཉིན་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གནང་བའི་སྙན་སེང《དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཀྲུང་གོའི་གུང་ཁྲན་ཏང་གི་འགན་འཁྲི》ཞེས་པ་བཀོད་ཡོད།


     རྩོམ་ཡིག་ཏུ་ད་ལྟ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་སྲོག་ཤིང་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་སྐྲུན་ཐུབ་པ་དང་། ལོ་བརྒྱའི་འབད་འཐབ་དམིགས་ཚད་གཉིས་པ་མངོན་འགྱུར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏང་རྒྱུ་དེ་ཡིན་ཞེས་ནན་གསུང་གནང་ཡོད།


     རྩོམ་ཡིག་ཏུ་ཀྲུང་གོ་གསར་པ་བཙུགས་པ་དང་ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་གྱི་ཡུན་རིང་འཚོལ་ཞིབ་དང་ལག་ལེན་རྨང་གཞིའི་ཐོག་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་གསར་གཏོད་ཚད་བརྒལ་བྱས་པར་བརྒྱུད་ང་ཚོའི་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་ཐོབ་པའི་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཞིག་ཡིན་ཞིང་། རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ལྡན་ལ་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་པའི་ཀྲུང་གོའི་ཁྱད་ཆོས་དེ་བས་ཀྱང་ལྡན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་དང་། མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་དེང་རབས་ཅན་དང་། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་དང་། ཞི་བདེའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པའི་དེང་རབས་ཅན་བཅས་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ནི། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས། འཕེལ་རྒྱས་སྤུས་ཚད་མཐོན་པོ་མངོན་འགྱུར་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ། མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་གསར་སྐྲུན་བཅས་བྱ་རྒྱུ་ཡིན་ཞེས་བསྟན་ཡོད། 


     རྩོམ་ཡིག་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པར་སྤྱིའི་འཐབ་ཇུས་བཀོད་སྒྲིག་ནི་གོམ་པ་གཉིས་སུ་ཕྱེ་ནས་སྤོ་རྒྱུ་དེ་ཡིན་པ་སྟེ། 2020ལོ་ནས2035ལོའི་བར་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བྱ་རྒྱུ་དང་། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་རང་རྒྱལ་སྟོབས་འབྱོར་དང་དམངས་གཙོ། ཤེས་དཔལ། འཆམ་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་བསྐྲུན་དགོས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུ་ནི་བྱ་གཞག་རླབས་པོ་ཆེ་དང་དཀའ་ཚེགས་ཆེ་བ་ཞིག་ཞིང་། མདུན་ལམ་འོད་ཟེར་ལྡན་པ་དང་། ལས་འགན་ལྕི་ལ་ལམ་ཐག་རིང་པོ་ཡོད། མདུན་སྐྱོད་ཀྱི་བགྲོད་ལམ་ཐོག་ངེས་པར་དུ་གཤམ་གསལ་གྱི་རྩ་དོན་གལ་ཆེན་ཁོང་དུ་ཆུད་པར་བྱ་དགོས་པ་སྟེ། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་པར་རྒྱུན་འཁྱོངས་དང་ཤུགས་བརྒྱག་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་མཐའ་འཁྱོངས། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། བཅོས་བསྒྱུར་སྒོ་འབྱེད་མཐའ་ཕྱིན་གཏོང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་མཐའ་འཁྱོངས་བཅས་བྱ་དགོས་ཞེས་བསྟན་ཡོད། 


     རྩོམ་ཡིག་ཏུ་ད་ཆ་ང་ཚོར་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པར་དེ་བས་ཉེ་བ་དང་། དེ་བས་ཡིད་ཆེས་དང་ནུས་པ་ལྡན་ཡོད། དུས་མཚུངས་སུ་ངེས་པར་དུ་དེ་བས་དཀའ་ཚེགས་ཆེ་བའི་འབད་བརྩོན་བྱ་རྒྱུའི་གྲ་སྒྲིག་བྱ་དགོས་ཞེས་ནན་གསུང་གནང་ཡོད་པ་དང་། ཏང་ཡོངས་ཀྱིས་ངེས་པར་དུ་ཡིད་ཆེས་བརྟན་པོ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ་རང་འགུལ་ངང་འགྱུར་ལྡོག་ཤེས་རྟོགས་དང་བབ་བསྟུན་འགྱུར་ལྡོག་བརྩོན་ལེན་དང་། རང་འགུལ་ངང་ཉེན་ཁ་དོགས་ཟོན་སེལ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་བླང་དགོས་ཞེས་བསྟན་ཡོད།།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར།

ལོ་ཙཱ། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:2024ལོའི་ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་ཆེད་མཁས་ལས་དོན་གྲོས་ཚོགས་མཚོ་སྔོན་མཚོ་བྱང་ཁུལ་དུ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།