ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིས་རིམ་རྩིས་བྱས་ན་བོད་སྐྱོར་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་6.3བཏང་བ།

    མི་དམངས་དྲ་བ་ནས་དྲངས།    2024-06-25

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་ནས་ཤེས་རྟོགས་བྱུང་བར། 2002ལོ་ནས་བཟུང་། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ་ཕྱོགས་ཡོངས་དང་། ཁྱབ་ཁོངས་མང་བ། གཏིང་ཟབ་པ་བཅས་ཀྱི་སྒོ་ནས་དཔལ་མགོན་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་བ་དང་ལྷག་པར་དུ“ལོ་ལྔ་ཚན་བཅུ་བཞི་པའི”རིང་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ལོ་ལྟར་མ་དངུལ་10%སྤོར་རྒྱུ་ཁ་གསལ་བཟོས་པས་ལོའི་ཁ་གཏད་རོགས་སྐྱོར་གྱི་མ་དངུལ་གཞི་ཁྱོན་སྒོར་ཁྲི་5000ཟིན་ཡོད་པ་རེད། མིག་སྔའི་བར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་6.3བཏང་ནས་རིགས་ཁག་གི་རྣམ་གྲངས་215རོགས་སྐྲུན་བྱས་པ་དེ་སློབ་གསོ་དང་། སྨན་བཅོས། འགྲིམ་འགྲུལ། གྲོང་གསེབ་དར་རྒྱས་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་དང་འབྲེལ་བ་ཡོད།

   ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིས་2009ལོ་ནས་བཟུང་མ་དངུལ་སྒོར་དུང་ཕྱུར་1ཙམ་བཏང་ནས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་གི་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་སློབ་ཆུང་བཙུགས་པ་དང་། ལོ་ལྟར་གཉེར་སྐྱོང་འགྲོ་གྲོན་སྒོར་ཁྲི་100བཏང་ནས་སློབ་གྲྭའི་རྒྱུན་གཏན་གྱི་སློབ་ཁྲིད་ལ་འགན་ལེན་བྱས་ཡོད། སློབ་མ་དང་། དགེ་རྒན། སློབ་གྲྭ་བཅས་རིམ་པ་གསུམ་ལ་དམིགས་ནས་བརྒྱུད་རིམ་ལྡན་པའི་རོགས་སྐྱོར་ལག་བསྟར་བྱས་ཏེ་སྒོར་ཁྲི་480བཏང་ནས་ཕུལ་བྱུང་སློབ་མ་ལྗོངས་ཕྱིར་སློབ་སྦྱོང་ལ་བཏང་བ་དང་། སྒོར་ཁྲི་400བཏང་ནས་ཕུལ་བྱུང་རྐང་འཛིན་དགེ་རྒན་ལྗོངས་ཕྱིར་སློབ་སྦྱོང་ལ་བཏང་བ། སྒོར་ཁྲི་4000བཏང་ནས་སློབ་གསོ་སློབ་ཁྲིད་ཀྱི་རྟེན་གཞི་དང་། བྱེད་ནུས་སློབ་ཁྲིད་ཐོག་ཁང་། རིག་ལྡན་སློབ་ཁང་། ལན་ཆིའུ་སྤོ་ལོ་ཁང་སོགས་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཆ་འཕྲིན་ཅན་གྱི་སྒྲིག་ཆས་གསར་བརྗེས་བྱས་ཡོད། དེ་དང་ཆབས་ཅིག ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིས“ཁེ་ལས་གཅིག་གིས་སློབ་གྲྭ་གཅིག་ལ་རོགས་སྐྱོར་བྱེད་པའི”ཆ་སྒྲིག་བྱེད་སྟངས་བཏོན་ནས་ཁོངས་གཏོགས་ཀྱི་ཁེ་ལས་ཆེ་གྲས་ཏེ་ཧྲང་ཧའེ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི་དང་ཅང་ཧན་སྣུམ་ཞིང་སྒྲིག་འཛུགས་བྱས་ཏེ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་སློབ་འབྲིང་དང་། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་སློབ་ཆུང་ལ་ཆ་སྒྲིག་རོགས་སྐྱོར་བྱས་ནས། ཁེ་ལས་གནས་སའི་སློབ་གྲྭ་གྲགས་ཅན་གདན་དྲངས་ཏེ་རོགས་སྐྱོར་བྱ་ཡུལ་སློབ་གྲྭ་གཉིས་དང་ཆ་སྒྲིག་བྱས་ཡོད། ཕན་ཚུན་བཅར་འདྲི་སློབ་སྦྱོང་དང་། སྤེལ་རེས་སློབ་དཔྱོད། མཉམ་ལས་ལ་ཤུགས་སྣོན་རྒྱག་པ་སོགས་བརྒྱུད་བོད་ལྗོངས་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་གི་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་དང་སློབ་གྲྭའི་དོ་དམ་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་ཁྲིད་ཐུབ་ཡོད་པ་རེད།

   ས་གནས་དེ་གའི་མཐོ་གྲང་གསོ་རླུང་དཀོན་པ་དང་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་རྗེས་ལུས་ཡིན་པ་སོགས་ཀྱི་དོན་དངོས་ལ་དམིགས་ནས་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིས་སྒོར་ཁྲི་1120བཏང་ནས་གསོ་རླུང་བཟོ་གསོག་ས་ཚིགས་བསྐྲུན་ཏེ་དངོས་སུ་སྤྱོད་འགོ་ཚུགས་རྗེས་ལོ་ལྟར་ཁ་གསབ་སྒོར་ཁྲི་100བཏང་ནས་མ་གནས་འཁོར་རྒྱུག་ཐད་སྤྱོད་རྒྱུ་དང་། རྫོང་གྲོང་གི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བར་དམིགས་ནས་སྒོར་ཁྲི་3500བཏང་སྟེ་བོད་རང་སྐྱོང་ལྗོངས་ཀྱི“1+7+13”གྱི་སྨན་ཁང་གི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཁྲོད་ཀྱི་རྫོང་རིམ་པའི་ས་ཁོངས་སྨན་བཅོས་ཞབས་ཞུའི་ལྟེ་གནས་བསྐྲུན་པ་དང་ཆབས་ཅིག མ་དངུལ་སྒོར་ཁྲི་1060བཏང་ནས་སྨན་བཅོས་སྒྲིག་ཆས་ཉོས་ཏེ་བོད་བྱང་ཐང་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་བསྐྲུན་པར་རྨང་གཞི་བརྟན་པོ་བཏིང་ཡོད། སྒོར་ཁྲི་500ལྷག་ཙམ་བཏང་ནས་རྫོང་གྲོང་དང་བར་ཐག་རིང་ཤོས་དང་ས་བབ་མཐོ་ཤོས་ཀྱི་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་སྒྱུར་བཀོད་བྱས་ཏེ་འབྲོག་པ་མང་ཚོགས་ཐག་ཉེ་སར་སྨན་པ་བསྟེན་པར་སྟབས་བདེ་བསྐྲུན་པ་རེད།

  • ལེ་ཚན་སྔོན་མ།:ཁྲེང་ཏུའུ་ལུང་ཆོན་དབྱི་རུ་དཀར་མཛེས་རྫོང་གིས་བྱེད་སྒོ་འདི་སྤེལ།
  • ལེ་ཚན་རྗེས་མ།:“མཉམ་ཕྱུག་བཟོ་ཁང་གཉེར་ནས”ལས་ཞུགས་འབབ་འཕར་ལ་རམ་འདེགས་བྱེད་པ།
  • དོ་སྣང་ཆེ་བའི་རྩོམ།