ལུག་ནག་པོ།

ཁ་ཨར་ཝེ་ནོ་ཡིས་བརྩམས། གཅན་གླག་མིག་གིས་བསྒྱུར།        2024-06-24

སྔོན་ཆད་རྒྱལ་ཁབ་ཅིག་ཡོད་ཅིང་། མངའ་ཁོངས་ཀྱི་མི་ཐམས་ཅད་རྐུན་མ་རེད།

ས་སྲོད་ལ་ཐོན་མ་ཐག། ཁོ་ཚོས་ལག་ཏུ་ལྡེ་མིག་ཀུན་ནུས་དང་འོད་སྒྲིབ་ལྒང་ཞུ་བཟུང་སྟེ་སྒོད་བུད་ནས་ཁྱིམ་མཚེས་ཚང་ལ་རྐུ་བྱེད་དུ་འགྲོ་བ་དང་། སྐྱ་རེངས་ཀྱི་དུས་སུ་ཁོ་ཚོས་རྐུན་རྫས་རྣམས་ཁྱེར་ནས་རང་ཁྱིམ་ལ་འབྱོར་བའི་ཚེ་ན། རྒྱུན་པར་རང་ཁྱིམ་དུའང་རྐུན་ལ་ཤོར་བ་ཚོར་ངེས།

ཁོ་ཚོ་འདི་ལྟར་བདེ་ཞིང་སྐྱིད་པའི་སྒོ་ནས་མཉམ་དུ་འཚོས་ཡོད་ཅིང་། ཁོ་ཚོའི་ཁྲོད་དུ་ལས་ངན་ཞིག་མེད་དེ། རྐུན་པོས་ཁྱིམ་ཚང་གཞན་ནས་དངོས་པོ་བརྐུས་ཤིང་། གཞན་གང་དེས་ཀྱང་ཁྱིམ་ཚང་གཞན་ནས་དངོས་པོ་བརྐུས། འདི་ལྟར་ཆེས་མཐའ་མཇུག་གི་མི་དེ་ཁྱིམ་ཚང་དང་པོར་རྐུ་ལ་ཆས། རྒྱལ་ཁབ་འདིའི་ཚོང་དོན་གྱི་ཐད་ནས་ཀྱང་ཉོ་མཁན་དང་འཚོང་མཁན་གྱིས་ཕན་ཚུན་ལ་བསླུ་བྲིད་གཏོང་རེས་བྱེད། སྲིད་གཞུང་ནི་མངའ་འབངས་ལ་རྐུ་བྱེད་པའི་ནག་ཚོགས་ཡིན་ཞིང་། མངའ་འབངས་རྣམས་ཀྱང་སྲིད་གཞུང་ལ་མགོ་སྐོར་གཏོང་བར་སྤྲོ། དེར་བརྟེན། ཁོ་ཚོའི་འཚོ་བ་བརྟན་བརླིང་བབ་ཆགས་ཡིན་ཞིང་། དབུལ་ཕྱུག་གི་ཁྱད་པར་ཡང་མེད།

ཉིན་ཞིག། དོན་དམ་དུ་ཅི་ཞིག་བྱུང་བ་སུས་ཀྱང་མི་ཤེས། གང་ལྟར་མི་གཞུང་དྲང་གནས་འདིར་ཡོང་ནས་གཏན་སྡོད་བྱས།

མཚན་མོར། ཁོས་ལྒང་ཞུ་བཟུང་ནས་སྒོར་མ་ཆས་པར་ཁྱིམ་དུ་བསྡད་དེ་ཐ་མག་འཐེན་ཞོར་བརྩམས་སྒྲུང་བཀླགས།

རྐུན་མ་ཐོན་བྱུང་། ཡིན་ནའང་གློག་བཀར་འདུག་པ་མཐོང་འཕྲལ་ནང་དུ་མ་སོང་།

ཡུད་ཙམ་ལ་འདི་ལྟར་མུ་རུ་གནས་པས། ཕྱིས་སུ་ཁོ་ཚོས་མི་དེ་ལ་གསལ་འདེབས་ཤིག་བྱ་དགོས་བསམས་ཤིང་། བརྒྱ་ལ་ཁོས་ཅི་ཡང་མ་སྒྲུབ་པར་འཚོ་བ་རོལ་འདོད་རུང་གཞན་ལ་བར་ཆད་བཏང་ན་མི་འགྲིག་སྙམ་དུ་བསམ། ཁོ་རང་མཚན་མོར་རྒྱུན་པར་ཁྱིམ་དུ་སྡོད་པ་འདི་ལས་ཉིན་གཉིས་པར་ཁྱིམ་ཚང་ཞིག་ལ་བཟའ་འབྲུ་མེད་པ་མཚོན།

མཐར་མི་གཞུང་དྲང་དེ་འུ་ཐུག་ཐབས་ཟད་དུ་གྱུར་ཏེ་ཁོ་ཚོ་དང་ལྷན་དུ་མཚན་མོར་སྒོར་འབུད་ཅིང་ཕྱི་ཉིན་སྐྱ་རེངས་ཀྱི་དུས་སུ་ཡུལ་ལ་ལོག། ཡིན་ནའང་ཁོས་རྐུན་ལས་མ་བྱས། ཁོ་རང་གཞུང་དྲང་རང་རེད་དེ། འདིའི་ཐད་ཁྱོད་ལ་ཐབས་ཅི་ཡང་ཡོད་མ་རེད། ཁོ་རང་རྒྱང་རིང་གི་ཟམ་པའི་ཐོག་ཏུ་བསྡད་དེ་གཙང་པོ་ཟམ་འོག་ནས་བཞུར་བར་བལྟས། ཁྱིམ་ལ་ལོག་ཐེངས་རེར། རྒྱུན་པར་རང་ཁྱིམ་དུ་རྐུན་མ་འཛུལ་བ་ཚོར།

གཟའ་འཁོར་གཅིག་མ་འགོར་བར་མི་གཞུང་དྲང་དེས་རང་ལ་སྒོར་གཅིག་ཀྱང་མེད་པ་ཚོར། ཁོ་རང་དབུལ་པོ་དབུལ་ནག་ཏུ་གྱུར་ཏེ་ཟ་རྒྱུ་ཁམ་གང་ཡང་མ་རྙེད། ཡིན་ནའང་འདིས་ཅི་ཡང་མཚོན་མི་ནུས་ཏེ། རྒྱུ་མཚན་ནི་འདི་དག་ཐམས་ཅད་ཁོ་རང་གི་སྐྱོན་རེད། གནད་དོན་ནི་ཁོའི་བྱ་སྤྱོད་དེས་མི་གཞན་པ་སེམས་ཚེགས་ལ་གཏད་ཡོད་དེ། རྒྱུ་མཚན་ནི་ཁོས་གཞན་པས་རང་ལ་རྐུ་བྱེད་དུ་འཇུག་ཀྱང་རང་གིས་གཞན་གྱི་དངོས་པོ་གང་ཡང་མ་བརྐུས་པ་དེའོ། །འདི་ལྟར་རྟག་ཏུ་མི་གང་རུང་ཞིག་སྐྱ་རེངས་སུ་ཁྱིམ་ལ་འབྱོར་རྗེས། རང་ཁྱིམ་ལ་རྐུན་མ་མ་ཡོང་བ་ཚོར་ངེས། དེ་ནི་དོན་དུ་མི་གཞུང་དྲང་དེའི་བརྐུ་བྱ་རེད།

ཅང་མ་འགོར་བར། རང་ཁྱིམ་ལ་རྐུན་མ་མ་ཡོང་བའི་ཁྱིམ་ཚང་དེ་དག་ཁྱིམ་ཚང་གཞན་དག་ལས་ཕྱུག་པོར་གྱུར་ཅིང་། རིམ་གྱིས་རྐུ་བྱེད་འདོད་མེད་པར་གྱུར། དེ་ལས་ཀྱང་ཚབས་ཆེ་བ་ནི་མི་གཞུང་དྲང་ཚང་ལ་དངོས་པོ་ཅི་ཡང་མེད་པས། ཁོ་ཚང་ལ་རྐུ་བྱེད་དུ་འགྲོ་མཁན་དག་གི་ལག་ལ་ཅི་ཡང་མ་རག། དེར་བརྟེན། ཁོ་ཚོ་སྔར་ལས་དབུལ་པར་གྱུར།

དུས་མཚུངས་སུ། ཕྱུག་པོར་གྱུར་པའི་མི་དེ་དག་ཀྱང་མི་གཞུང་དྲང་དེ་དང་ཆ་འདྲ་བར་མཚན་མོར་ཟམ་པའི་ཐོག་ཏུ་འགྲོ་སྲོལ་ཆགས་ཤིང་། ཁོ་ཚོས་ཀྱང་གཙང་པོ་ཟམ་འོག་ནས་བཞུར་བར་བལྟས། འདི་ལྟར་དོན་དག་སྔར་ལས་རྙོག་འཛིང་དུ་གྱུར། རྒྱུ་མཚན་ནི་འདིས་མི་མང་པོ་ཕྱུག་པོར་འགྱུར་བཞིན་པ་མཚོན་ལ། དུས་མཚུངས་སུ་མི་མང་པོ་དབུལ་པོར་འགྱུར་བཞིན་པའང་མཚོན་ནོ། །

ད་ལྟ། ཕྱུག་པོ་དེ་དག་གིས་ཁོ་ཚོ་འདི་ལྟར་རྒྱུན་དུ་ཟམ་པའི་ཐོག་ལ་སོང་ན་ཅང་མ་འགོར་བར་རང་ཉིད་ཀྱང་དབུལ་པོར་འགྱུར་ངེས་པ་ཚོར་ཡོད། དེ་བས། ཁོ་ཚོས་“དབུལ་པོ་རྣམས་གླས་ཏེ་རང་གི་ཚབ་བྱས་ནས་རྐུ་བྱེད་པར་འགྲོ་རུ་འཇུག”བསམ་གྱིན་ཡོད་གཤིས། ཁོ་ཚོས་གན་རྒྱ་བཞག་སྟེ་གླ་ཕོགས་དང་ཁེ་སྤོགས་བགོ་ལུགས་གཏན་ལ་ཕབ། ལོས་ཡིན་ཏེ། ཁོ་ཚོ་སྔར་བཞིན་རྐུན་མ་ཡིན་ཞིང་སྔར་ལྟར་ཕན་ཚུན་ལ་བསླུ་བྲིད་གཏོང་། ཡིན་ནའང་དོན་དངོས་ཀྱིས་ཕྱུག་པོ་ཇེ་ཕྱུག་དང་དབུལ་པོ་ཇེ་དབུལ་ཡིན་པ་ར་སྤྲད།

མི་ལ་ལ་ཞིག་ཕྱུག་པོ་ཆགས་ཏེ་ཐ་ན་རང་གིས་དངོས་སུ་རྐུ་བྱེད་པ་དང་རྐུན་མ་གླས་པའི་དོན་དག་རྩ་བ་ནས་སྤངས་རུང་རང་ཉིད་སྔར་བཞིན་ཕྱུག་བདག་རེད། ཡིན་ནའང་ཁོ་ཚོས་རྐུ་བྱེད་མཚམས་བཞག་ཚེ། ཁོ་ཚོ་དབུལ་པོར་འགྱུར་ངེས་ཏེ། དབུལ་པོས་ཁོ་ཚོར་རྐུ་བྱེད་པར་གདོན་མི་ཟ། དེ་བས། ཁོ་རང་ཚོའི་དངོས་པོ་རྐུན་ལ་མི་ཤོར་བའི་ཆེད་དུ་ཡང་བསྐྱར་དབུལ་པོ་དབུལ་ནག་ཅིག་གླས་ཏེ་ཁོ་ཚོའི་རྒྱུ་ནོར་ལ་ལྟ་རྟོག་བྱེད་དུ་བཅུག། འདིས་ཉེན་རྟོག་ཁང་དང་བཙོན་ཁང་འཛུགས་དགོས་པ་མཚོན།

དེར་བརྟེན། མི་གཞུང་དྲང་དེ་ཐོན་ནས་ཅང་མ་འགོར་བར་མི་རྣམས་ཀྱིས་རྐུ་ལ་ཆས་རྐུན་ལ་ཤོར་ཚུལ་གླེང་བར་མི་བྱས་ཏེ། ཁོ་ཚོས་དབུལ་པོ་དང་ཕྱུག་པོ་ཞེས་གླེང་བར་བྱེད། འོན་ཏེ་ཁོ་ཚོ་ཚང་མ་རྐུན་མ་རེ་རེའོ། །

མི་གཞུང་དྲང་ནི་ཆེས་ཐོག་མ་དེ་ཡིན་གྱི། ཅང་མ་འགོར་བར་ཁོ་རང་ལྟོགས་ནས་ཤི་སོང་ངོ་། །

  • ལེ་ཚན་སྔོན་མ།:མི་ཚེའི་བརྗེད་དཀའི་ལོ་གསུམ། རྒྱ་ཡེ་བཀྲ་བྷོས་བརྩམས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།