འབྲོང་།

དབྱངས་ལྡེའུ།        2024-06-21

རྫ་རི་སྐེད་ངོས་སུ་འཕྲང་ལམ་བཤམས་ཤིང་། །

དབྱིངས་ཉི་ཟླའི་དཀྱིལ་འཁོར་ར་ཁར་ཚེས་པའི། །

དཔའ་སྙིང་སྟོབས་ཁོ་ལག་རྫོགས་པའི་ཀློང་གི །

འབྲོང་ལྷ་གཡག་རིགས་རྒྱུད་མཐོ་བོད་རྒྱན་ཆ། །

སྤང་ན་འདམ་ཆུ་ཕྲན་མཆུ་སྒྲོས་མ་ཉུག །

རྫ་དྭངས་བསིལ་གཙང་ཆབ་འཚོ་རྟེན་ཡིན་པའི། །

སྦ་རི་གཞུངས་བཀླུབས་འདྲའི་ཉམས་སྣང་དོད་པོ། །

རི་མཐོ་སྒང་འབྲོང་གཡག་འཛམ་གླིང་རྒྱན་ནོར། །

རྡོ་གཡའ་མ་ངོགས་སུ་རྭ་རྩེ་བརྡར་ནས། །

སྟག་གཟིག་དོམ་སྔུན་སར་གོམ་ཁ་སྒྱུར་དུས། །

སྒྲ་གཅན་གཟན་འབུམ་གྱི་སྙིང་ཀ་གས་པ། །

བྱང་ཐང་ཆེན་གཞུང་གི་འབྲོང་རྒོད་ངར་མ། །

རི་ཉག་མའི་བླ་རུ་ཉི་འོད་འཕྲོས་དུས། །

གསོན་བརྡ་ཐབས་ཚུལ་སྣང་ཁ་རླངས་ལྷོག་ལྷོག །

བྱ་འདབ་ཆགས་ཆེ་ཕྲན་འཕུར་ལམ་དོག་པ། །

ལུས་ཤུགས་འབྱུང་ནུས་པར་ངོ་མཚར་ཆེ་འོ། །

རྐང་སྨིག་བཞིའི་དཔལ་བེའུ་རི་ཀླུང་བཏབ་སྟེ། །

ཕུད་རྩྭ་ཆུ་ཞིམ་ཟས་ཆད་མེད་རོལ་བས། །

ལུས་ཤ་ཤེད་འཇོ་བའི་དུས་བཞིའི་འབྲོང་རྒོད། །

འགོ་ལྷ་ལྔའི་གཡང་གི་སྒོ་ཟོག་ངོ་མ། །

གཡོ་ཆོ་འཕྲུལ་མོད་པའི་འགྲོ་བའི་མི་ཚོགས། །

བཙན་བཀའ་བཀོད་འོག་རོལ་བྲན་དུ་མ་དབང་། །

གཞི་བས་མཐའི་བྱང་ཐང་ཕ་ཁྱིམ་ངོ་མར། །

སེམས་བག་ཕེབས་འཚོ་བའི་བྲེ་སེར་འབྲོང་ངར། །

དབྱར་རྫ་སྒང་ཆར་འཇམ་སིལ་མ་བསྙིལ་ཀློང་། །

ལུས་གནག་སྣུམ་རང་མདངས་མཛེས་བྱེད་སྨིན་པའི། །

ཕྱུགས་རྐང་བཞི་དབུས་ཀྱི་དཔའ་མཛངས་ཅན་པོ། །

རྫ་སྤང་རིའི་ལྟོངས་ཀྱི་སྲུང་མར་འདྲ་ལེ། །

ཕུད་རྫ་ཆུ་སིལ་མ་འབབ་རྒྱུན་ཉུང་ཞིང་། །

འདབས་གཡུ་སྔོན་གཙང་པོར་དར་ཁ་འགྲིག་དུས། །

བྱང་ན་འདམ་ཆུ་ཉོག་ལྕེ་རྩེས་མ་རེག །

འབྲོང་དར་མའི་དམ་ཚིག་ཤེལ་ལས་གཙང་བ། །

  • ལེ་ཚན་སྔོན་མ།:སུན་གདུང་ཁྲོད་ཀྱི་འཁོར་བའི་མི་ཚོགས།
  • ལེ་ཚན་རྗེས་མ།:དུང་བའི་ཞེ་འཁྲེང་།