ཞི་ཅིན་ཕིང་གིས་ཧོང་ཕུའུ་དམག་དོན་སློབ་གྲྭར་ཤིས་འཕྲིན་གནང་།

        2024-06-20

     ཧོང་ཕུའུ་དམག་དོན་སློབ་གྲྭ་བཙུགས་ནས་ལོ100འཁོར་བ་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་བཙུགས་ནས་ལོ40འཁོར་བའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་འཕྲིན་བསྐུར་གནང་ནས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་རྒྱ་ཆེའི་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་དེའི་གཉེན་ཉེར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།


     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིས་འཕྲིན་ནང་ཧོང་ཕུའུ་དམག་དོན་སློབ་གྲྭ་ནི་གོ་གུང་མཉམ་ལས་ཐེངས་དང་པོ་བྱས་པའི་ཐོན་དངོས་ཤིག་ཡིན་པ་དང་རང་རྒྱལ་གྱི་གསར་བརྗེའི་དམག་དཔུང་གི་ལས་བྱེད་པ་གསོ་སྐྱོང་བྱེད་པའི་སློབ་གྲྭ་དང་པོ་དེ་ཡིན་ཞེས་བསྟན་ཡོད། ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་དེའི་གཉེན་ཉེ་དང་འབྲེལ་བ་བྱེད་པའི་རྒྱལ་གཅེས་མང་ཚོགས་ཚོགས་པ་ཞིག་ཡིན། དེ་བཙུགས་པ་ནས་བཟུང་ཐོག་མཐའ་བར་གསུམ་དུ“ཧོང་ཕུའུ་སྙིང་སྟོབས་དར་སྤེལ་དང་། སློབ་གྲོགས་ཀྱི་བརྩེ་དུང་དང་འབྲེལ་བ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་དར་རྒྱས་གཏོང་བའི”དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་གི་ཡོད་པ་དང་། ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་བ་དང་།“ཐའེ་ཝན་རང་བཙན”ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་བཅས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།


     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱང་སྐྱོད་ལམ་གསར་ཐོག་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པས་ཚོགས་པ་འཛུགས་པའི་དམིགས་ཡུལ་དང་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས“རྒྱལ་གཅེས་དང་གསར་བརྗེའི”ཧོང་ཕུའུ་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ་བསམ་བློའི་སྣེ་ཁྲིད་དང་རྩ་འཛུགས་འཛུགས་སྐྱོང་ལ་སྔར་བས་ཤུགས་རྒྱག་པ་དང་ཁྱད་ཆོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས“རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་བློ་བརྟན་འགྱུར་མེད་བྱས་ཏེ་སེམས་གཅིག་མཉམ་དུ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སེམས་ཤུགས་གཅིག་སྒྲིལ་བྱ་དགོས། རྒྱ་ཆེའི་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་དེའི་གཉེན་ཉེས་མེས་རབས་ཀྱི་ཤུལ་བཞག་བརྗེད་མི་སྲིད་པར་དུས་རབས་ཀྱི་ལས་འགན་ལྗིད་པོ་བློ་ཁུར་ཆེན་པོས་འཁུར་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན་པ་རེད།


     ཧོང་ཕུའུ་དམག་དོན་སློབ་གྲྭ་བཙུགས་ནས་ལོ100འཁོར་བ་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་བཙུགས་ནས་ལོ40འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས17ཉིན་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུར་ཞི་ཅིན་ཕིང་གི་ཤིས་འཕྲིན་སྒྲོག་སྦྱངས་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།


     ཝང་ཧུའུ་ཉིང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་གཉེན་ཉེར་ཐུགས་ཁུར་གནང་ནས་ཧོང་ཕུའུ་དམག་དོན་སློབ་གྲྭ་བཙུགས་ནས་ལོ100འཁོར་བ་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་བཙུགས་ནས་ལོ40འཁོར་བར་ཤིས་འཕྲིན་སྤྲིངས་ནས་ཧོང་ཕུའུ་དམག་དོན་སློབ་གྲྭའི་ལོ་རྒྱུས་ཀྱི་བྱས་རྗེས་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པའི་དགེ་མཚན་ལྡན་པའི་ལེགས་སྐྱེས་ལ་ཁས་ལེན་གང་ལེགས་གནང་ཐོག། ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པའི་ངོ་བོ་དང་དམིགས་ཡུལ། ལས་འགན་བཅས་གསལ་བཤད་གཏིང་ཟབ་གནང་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་གཉེན་ཉེར་ཐུགས་རེ་ནན་པོ་བཅོལ་ཏེ། དུས་རབས་གསར་པའི་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པའི་ལས་དོན་ཡག་པོ་སྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པས། ང་ཚོས་སློབ་སྦྱོང་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ནས་ལག་ལེན་མཐར་ཕྱིན་དང་དོན་འཁྱོལ་དམ་འཛིན་ཡག་པོ་བྱ་དགོས་ཞེས་གསུངས་པ་རེད།


     ཝང་ཧུའུ་ཉིང་གིས་བསྟན་དོན། རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་གཉེན་ཉེར་རྒྱལ་གཅེས་གསར་བརྗེའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་སྲོལ་རྒྱུན་བཟང་པོ་ལྡན་ཡོད་པས། མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། “རྒྱལ་གཅེས་དང་གསར་བརྗེ”ཡི་ཧོང་ཕུའུ་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བཏང་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ཐུན་མོང་ཐོག་གཞོལ་ཞིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཐུན་མོང་ཐོག་སྐུལ་འདེད་གཏང་དགོས། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་། ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ནང་ཧུར་ཐག་ཞུགས་པ་དང་། ངོགས་གཉིས་ཀྱི་གཞོན་ནུའི་སྤེལ་རེས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཀྲུང་ཧྭའི་རིག་གནས་ཐུན་མོང་ཐོག་རྒྱུན་འཛིན་དར་སྤེལ་གཏོང་བ་བཅས་བྱས་ཏེ། ངོགས་གཉིས་ཀྱི་སྤུན་ཟླ་རྣམས་སྤེལ་རེས་དང་འགྲོ་འོང་མཉམ་འདྲེས་ཁྲོད་ཐག་ཇེ་ཉེར་འགྲོ་བ་དང་བརྩེ་བ་ཇེ་ཟབ་ཏུ་འགྲོ་བ། རྒྱལ་ཁབ་དང་མི་རིགས་ཀྱི་ངོས་འཛིན་གཅིག་མཐུན་ཟམ་མི་ཆད་པར་ཟབ་ཏུ་འགྲོ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་འགྲོ་བ་བཅས་བྱ་དགོས། “ཐའེ་ཝན་རང་བཙན”ཟེར་བའི་ཁ་ཕྲལ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་བཀའ་མཆན་གལ་ཆེན་དང་ཤིས་འཕྲིན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཡང་དག་པའི་ཁ་ཕྱོགས་བརྟན་སྲུང་བྱེད་པ་དང་། ཁྱད་ཆོས་དང་བཟང་ཆ་འདོན་སྤེལ་བྱེད་པ། རང་ངོས་འཛུགས་སྐྱོང་ལ་ཤུགས་བརྒྱབ་ནས་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་ཧུར་ཐག་བྱ་དགོས་ཞེས་གསུངས་ཡོད།


     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥེང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དམངས་གཙོ་གསར་བརྗེའི་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེང་ཅན་པང་གིས་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་མང་ཚོགས་ཚོགས་པའི་ཚབ་ཞུས་ནས་རྟེན་འབྲེལ་གསུང་ཚིག་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཝང་ཏུང་ཧྥེང་བཞུགས་མོལ་ཚོགས་འདུར་ཞུགས།


     ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པའི་འགན་འཁུར་བ། ཐའེ་ཝན་ཧོང་ཕུའུ་སློབ་གྲོགས་ཀྱི་འཐུས་མིས་ཚོགས་འདུར་གཏམ་བཤད་བྱས།


     ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ཚོགས་པའི་འགན་འཁུར་བློ་མཐུན་དང་། འབྲེལ་ཡོད་དམངས་གཙོ་ཏང་ཤོག་ཀྲུང་དབྱང་གི་འགན་འཁུར་བ། ངོགས་གཉིས་དང་ཞང་ཀང་དང་ཨའོ་མོན། དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་ཧོང་ཕུའུ་སློབ་གྲོགས་དང་གཉེན་ཉེའི་འཐུས་མི། ཞིང་ཆེན་རིམ་པའི་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པའི་འགན་འཁུར་བ་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།


ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར། ཞིན་ཧྭ་གསར་འགྱུར།

ལོ་ཙཱ། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་བསམ་བློ་ཆབ་སྲིད་སློབ་ཚན་ཐད་ཁ་ཕྱོགས་གསལ་སྟོན་གནང་།
  • ལེ་ཚན་རྗེས་མ།:ཁྲེང་ཏུའུ་ལུང་ཆོན་དབྱི་རུ་དཀར་མཛེས་རྫོང་གིས་བྱེད་སྒོ་འདི་སྤེལ།
  • དོ་སྣང་ཆེ་བའི་རྩོམ།