ཚོར་བྲིས་མེ་ཏོག་ཆུང་ཆུང་།

༼ རང་མདངས། ༽        2024-06-19

གཡང་དཀར་འབའ་སྒྲའི་བཞོ་དབྱངས་ཀློང་ནས།།

ཚིགས་དྲུག་ངག་གི་མཆོད་ཆང་གཙང་མ།།

དགའ་སྤྲོའི་མེ་ཏོག་དུངས་བའི་ཞལ་རས།།

དཀར་གསལ་ལང་ཚོ་ཡིད་ཀྱི་འཆར་སྣང་།།

དྲི་ཟའི་བུ་མོའི་རྒྱུད་སྐུད་བར་ནས།།

སྙན་འཇེབས་རོལ་མོ་རྣ་བའི་གསོས་སྨན།།

མུ་ཏིག་ཕྲེང་བ་དབྱངས་གསལ་བ་དན།།

བདག་དང་བདག་ལ་གྲོགས་སུ་ཕེབས་ཤོག །

འདོད་འཇོ་ཚངས་དབྱངས་སྲིད་པའི་མགུར་སྙན།།

ཞེ་དགའ་ཡིད་འོང་གཞན་སེམས་ཀུན་འགུགས །

ཚེག་ཁྱིམ་བརྒྱད་ཀྱི་ངག་རིག་ཁྲོད་ནས།།

དྲན་ཚོར་ཆུང་ཆུང་ཅུང་ཙམ་གླེང་བ།།

དགའ་དང་སྐྱིད་པའི་འཛུམ་མདངས་ཕྲ་མོ།།

སྙན་དང་སྙན་པའི་ཁ་ཤག་གསེབ་ནས།།

ཀུན་དང་མཐུན་པའི་བརྩེ་དུང་མཚར་སྣང་།།

ང་དང་སྨྱུག་རྩེས་ཟིན་བྲིས་ཕབ་པ།།

བྲིས་པའི་ནག་ཆུང་ཤོག་དཀར་གདན་ན།།

ཤ་དང་རུས་རྒྱུད་གཅིག་ལས་གྱུར་པ།།

དམ་ཚིག་མཉམ་པའི་མཆེད་གྲོགས་ལྷན་དུ།།

རོལ་གར་སྒེག་མོའི་ཚོར་བྲིས་ཐོར་བུ།།

མཚར་སྡུག་པདྨའི་གཡུ་ལོའི་འདབ་ན།།

འཛུམ་པའི་བཞིན་རས་ལང་ཚོ་མངོན་པའི།།

རེ་དོགས་སྐྱོ་གདུང་རྒྱང་དུ་སྤངས་ནས།།

ཚོན་གྱི་ཆོ་འཕྲུལ་དྲྭ་ལམ་ཐོགས་པ།།


  • ལེ་ཚན་སྔོན་མ།:ཨ་མར་ཕུལ་བའི་ཞུ་འཕྲིན་བས་མཐའི་གླུ་ཆུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།