མཚོ་སྔོན་སྒོ་དམར་གནའ་མཁར་ལ་གསོན་ཤུགས་གསར་པ་རྒྱས།

    མི་དམངས་དྲ་བ་ནས་དྲངས།    2024-06-18

 ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། པད་མ་གཡང་མཚོ་དང་ཝང་གཡན།
    ལྔ་པའི་ཚེས་ལྔའི་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ། ལོ་40ལ་སླེབས་པའི་ཤིང་བརྐོས་ལག་ཤེས་རྒྱུན་འཛིན་པ་རྡོ་རྗེས་ཀོག་ཧྥེ་ཁང་དུ་ལག་ཤེས་ཉམས་ལེན་རྣམ་གྲངས་ཁག་གཅིག་བཟོ་རྩིས་བྱས། རྡོ་རྗེའི་ནང་མི་རྣམས་མི་རབས་ནས་མི་རབས་བར་སྒོ་དམར་གནའ་མཁར་དུ་འཚོ་བ་སྐྱེལ་གྱི་ཡོད་ཅིང་། ཡུལ་དེ་གའི་ཡུལ་མིས་ངོ་སྤྲོད་བྱས་པར་གཞིགས་ན། གནའ་མཁར་དེའི་ལོ་རྒྱུས་ཆེས་སྔ་ཤོས་དེ་སྤྱི་ལོའི་དུས་རབས་7པ་བར་ཁུངས་འདེད་ཆོག་གི་ཡོད།
    སྒོ་དམར་གནའ་མཁར་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་གྲོང་ཁྱེར་གཉན་ཐོག་ཤང་སྒོ་དམར་གྲོང་ཚོར་གནས་ཤིང་། 2013ལོར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་བདམས། རེབ་གོང་གྲོང་ཁྱེར་ནས་ཐོན་ཏེ་སྤྱི་ལེ་5ཙམ་བསྐྱོད་པའི་མཚམས་སུ་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ཀྱི་གྲོང་ཚོ་གྲགས་ཅན་སྒོ་དམར་གྲོང་ཚོར་འབྱོར། འདི་གར་རྒྱབ་ཏུ་རི་དང་མདུན་ལ་ཆུ་ཆགས་ཤིང་ལམ་འགྲམ་གྱི་ལོ་ཏོག་རྣམས་སྔོ་ཐིང་ཐིང་དུ་སྐྱེས། གྲོང་ཚོར་སྐྱོད་སའི་ལམ་དེད་ནས་སོང་ན་གནའ་མཁར་གྱི་ངོ་སྤྲོད་སྟབས་བདེ་བྲིས་པའི་རྡོ་རིང་ཞིག་གནའ་མཁར་གྱི་ཤར་སྒོར་འགྱིང་ངེར་བསླངས་ཡོད།
    སྒོ་དམར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གདུགས་དཀར་གྱིས“མིག་སྔར་གནའ་མཁར་ནང་ལོགས་སུ་ཡུལ་མི་དུད་ཚང་147སྡོད་ཀྱི་ཡོད་པ་དང་ཕྱི་ལོགས་སུ་ཡུལ་མི་དུད་ཚང་404ཡོད། གནའ་མཁར་ལ་ཤར་སྒོ་ལྷོ་སྒོ་ནུབ་སྒོ་གསུམ་ཡོད་པར། ཤར་སྒོ་གྲོང་ཚོའི་མདོ་ཡི་ལམ་འགྲམ་དུ་ཡོད་པ་དེ་ནི་གནའ་མཁར་དང་ཕྱི་ཕྱོགས་འབྲེལ་བ་བྱེད་སའི་སྒོ་གཙོ་བོ་རེད། གནའ་བོའི་དུས་སུ་འགྲིམ་འགྲུལ་འགག་གནད་སྲུང་བའི་ནུས་པ་ཡོད”ཅེས་གསར་འགོད་པར་བཤད།
    གནའ་མཁར་དུ་འཛུལ་ནས་བལྟས་ན། ལམ་གུ་དོག་ཅིང་རིང་བ་དང་ཀྱག་ཀྱོག་ཏུ་གནས་ཤིང་། གྱང་མཐོན་པོའི་ལྡེབས་སུ་སྒོ་རར་འཛུལ་སའི་སྒོ་མ་གཏོགས་སྒེའུ་ཁུང་གཅིག་ཀྱང་མི་སྣང་། མཁར་རྫོང་ནང་ལོགས་ཀྱི་ལམ་བུའི་ཞེང་ཚད་ལ་སྨི་3ཡས་མས་མ་གཏོགས་མེད་པ་དང་དོག་ཤོས་སུ་སྨི་1ཙམ་ལས་མེད། “འདི་གའི་གུ་དོག་པའི་ལམ་རིང་པོས་མིར་འཇིགས་སྣང་ཞིག་སྟེར་གྱི་ཡོད་པས་བཙན་འཛུལ་པར་ཟིལ་གནོན་གྱི་ནུས་པ་ཐོན་ཐུབ”ཅེས་གདུགས་དཀར་གྱིས་བཤད།
   “‘དམག་མཁོའི་དམག་སྡོད་ཞིང་འདེབས’ནི་རང་རྒྱལ་གྱི་གནའ་རབས་ལོ་རྒྱུས་སྟེང་མཐའ་སྲུང་དམག་དཔུང་དང་མཁོ་ཟོག་གནད་དོན་ཐག་གཅོད་བྱ་ཆེད་ཐོན་པའི་དམིགས་བསལ་གྱི་ལམ་ལུགས་ཤིག་རེད། དམག་མི་ཚོས་མཐའ་མཚམས་སྲུང་དགོས་པ་མ་ཟད། ད་དུང་རྨོ་འདེབས་དང་ཨར་སྐྲུན་སོགས་ཀྱི་འགན་ཡང་ཁུར་ནས་རང་ཁ་རང་གསོ་ཐུབ་པར་བྱེད་དགོས་ཀྱི་ཡོད”ཅེས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དེ་སྔའི་ཚན་ཧྲི་ཤེ་ཙུའོ་ཡིས་ངོ་སྤྲོད་བྱས་ཤིང་། ཁོང་གིས་སྒོ་དམར་གནའ་མཁར་ནི་དམག་སྡོད་ཞིང་འདེབས་ཀྱི་དུད་བརྒྱ་པའི་ཁོངས་སུ་གཏོགས་པ་དང་། གནའ་མཁར་སྐྲུན་སྐབས་རྨོ་འདེབས་དང་འགོག་སྲུང་ཕྱོགས་གཉིས་ཀའི་དགོས་མཁོར་བསམ་བློ་བཏང་ཡོད་པས་འདི་གའི་བཟོ་བཀོད་ལ་འགོག་སྲུང་གི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་ཅེས་བཤད།
   “གལ་ཏེ་གྲོང་ཚོ་འདི་ག་ནས་ཡིན་པའི་སྣེ་ཤན་པ་མེད་ན། ཡུལ་སྐོར་བ་ཚོ་གནའ་མཁར་དུ་མགོ་འཐོམ་ཉེན་ཡོད། ལོ་མང་རིང་། ས་གནས་འདི་གའི་རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱི་རོགས་རམ་འོག གནའ་མཁར་ནང་ལོགས་ཀྱི་གནའ་ཁང་ཆ་ཚང་པོར་སྲུང་འཛིན་ཐུབ་པ་མ་ཟད། ཡུལ་སྐོར་བ་ཚོས་ཀྱང་ཅ་དངོས་རྙིང་པ་རེ་རེ་ལ་བརྟེན་ནས་འདི་གའི་ལོ་རྒྱུས་དང་རིག་གནས་རྒྱུས་ལོན་བྱེད་ཐུབ”ཅེས་རྡོ་རྗེས་གསར་འགོད་པར་བཤད།
   བསྟན་འབིགས་གནའ་ཁང་ལས་གནའ་མཁར་གྱི་ལོ་རྒྱུས་དང་འཕོ་འགྱུར་ལ་དཔང་པོ་བྱེད་ཐུབ་པ་དང་ད་བར་ལོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་པ་རེད། “འདི་ནི་གྲོང་ཚོར་ད་བར་སྲུང་སྐྱོབ་ཆ་ཚང་ཤོས་བྱས་པའི་གནའ་ཁང་ཞིག་རེད། ཤིང་གི་སྒོ་དང་སྒེའུ་ཁུང་དེ་དག་ཚང་མ་གནའ་བོའི་བཟོ་སྟངས་རེད”ཅེས་ལོ་61ལ་སླེབས་པའི་ཡུལ་མི་བན་དེ་མཁར་གྱིས་གསར་འགོད་པར་བཤད་ཅིང་། ཁོང་གིས་གནའ་མཁར་ནང་གི་ཡུལ་མིའི་ཁང་པའི་རྒྱུ་ཆ་མང་ཆེ་བ་ས་དང་ཤིང་ལས་བྱས་པའི་ཐོག་སོ་ཉིས་ཅན་གྱི་ཉི་ཁྱམས་ཡོད་པ་དེ་རིགས་ཡིན་པ་དང་། ཐོག་སོ་དང་པོར་ཁྱིམ་གྱི་རྒན་རྒོན་སྡོད་ཅིང་ཐབ་ཚང་དང་། མཛོད་ཁང་། ཕྱུགས་ཚང་བཅས་ཡོད་པ་དང་། ཐོག་སོ་གཉིས་པར་གཞོན་སྐྱེས་ཚོ་སྡོད་ཅིང་མཆོད་ཁང་དང་། ཉལ་ཁང་། མཛོད་ཁང་བཅས་ཡོད་ཅེས་བཤད།
   བན་དེ་མཁར་གྱི་ནང་མི་རྣམས་གནའ་ཁང་འགྲམ་དུ་སྡོད་པ་དང་། གནའ་ཁང་གི་སྒོ་ཐོད་དུ་བན་དེ་མཁར་གྱི་ཁ་པར་ཨང་གྲངས་བྲིས་ཡོད་པས། ཡུལ་སྐོར་བས་ཁ་པར་བརྒྱབ་ཕྱིན་ཁོང་གིས་གནའ་མཁར་དུ་ལྟ་སྐོར་ལ་འཁྲིད་ཀྱི་ཡོད་ལ་གླ་རིན་ཕྲན་བུ་ཙམ་ཡང་ལེན་གྱི་མེད། “མ་གཞི་ས་ཕྱོགས་གཞན་ལ་འགྲོ་ཐབས་བྲལ་མོད། འོན་ཀྱང་མི་དེ་བས་མང་བས་འདི་གའི་ལོ་རྒྱུས་དང་རིག་གནས་ལ་རྒྱུས་མངའ་ལོན་ན་བྱ་བ་བཟང་པོ་ཞིག་རེད་སྙམ་གྱི་འདུག ང་ཚོ་མི་རབས་འདིའི་ལས་འགན་ནི་མེས་པོས་བཞག་པའི་ནོར་བུ་དེ་དག་བདག་གཅེས་ཡག་པོ་བྱ་རྒྱུ་དེ་རེད”ཅེས་བན་དེ་མཁར་གྱིས་བཤད།
   “སྲོལ་རྒྱུན་གྱི་གྲོང་སྡེ་ནི་ལོ་རྒྱུས་དང་རིག་གནས་ཀྱི་འགྱུར་རྡོ་གསོན་པོ་ལྟ་བུ་རེད། ཡུལ་སྐོར་བ་ཚོས་ས་གནས་ཀྱི་སྲོལ་རྒྱུན་རིག་གནས་མྱོང་ལེན་ཐུབ་པ་དང་དུས་མཚུངས་ཡུལ་སྐོར་གྱི་ཉམས་ལེན་གསར་པའང་ཐུབ་ནས་སྒོ་དམར་གནའ་མཁར་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་པའི་གསོན་ཤུགས་གསར་པ་འཕེལ་ཐུབ་པའི་རེ་བ་ཡོད”ཅེས་གཉན་ཐོག་ཤང་གི་ཤང་ཀྲང་གཞོན་པ་རྣལ་འབྱོར་བཀྲ་ཤིས་ཀྱིས་བཤད།

  • ལེ་ཚན་སྔོན་མ།:ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་གཙོ་གནད་མངོན་གསལ་དོད་དུ་གཏོང་དགོས།
  • ལེ་ཚན་རྗེས་མ།:གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱད་དེ་འབྲོག་ཁུལ་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།
  • དོ་སྣང་ཆེ་བའི་རྩོམ།