སྙན་ངག་པ།

རྫ་ཤུལ་བློ་བཟང་།        2024-06-21

ཞི་བའི་དབྱངས་དང་འཇམ་པོའི་ངག །

ཚིག་གིས་མཚོན་པའི་སྡེབ་སྦྱོར་གྱིས། །

སྙན་ངག་པ་ཞིག་བྲིས་པ་ལ། །

དབྱངས་ཅན་ལྷ་མོ་ངང་གིས་འཛུམ། །

སྣང་བའི་ཁམས་དང་རླུང་བུའི་གཤིས། །

ཐ་སྙད་ཡངས་མོས་མཚོན་ཐབས་ཀྱི། །

མི་ཚེ་དབྱངས་ལ་བརྒྱུས་པའི་མི། །

སྙན་ངག་པ་ཚོའི་ལས་དབང་དྲན། །

སྐྱོ་བའི་ཉམས་དང་མགུར་མའི་གདངས། །

དབྱངས་ཀྱིས་ཟློས་གར་འཁྲབ་པའི་མི། །

དུངས་སེམས་གཉུག་མའི་འོད་ཟེར་ལ། །

ཡང་ཡང་འཁྲི་བའི་སྙན་ངག་པ། །

སྨྲེང་བའི་སེམས་འགྲོས་གདུང་བའི་དབྱངས། །

དགོན་པའི་གཡེར་དྲིལ་གམ་དུ་བསྐྱུར། །

ལྷིང་འཇགས་དབེན་པའི་རི་ཁྲོད་ན། །

རྣམ་ཤེས་འཚོལ་བའི་སྙན་ངག་པ། །

སྤྲིན་དཀར་འདྲ་བའི་ཤོག་དཀར་ངོས། །

ཚོར་བའི་དབྱངས་དང་འཁོར་བའི་གཟུགས། །

ཐེངས་རེ་ཕབ་ཅིང་ལན་རེ་བསུབས། །

སྣང་བའི་འཇའ་རིས་དེད་པའི་མི། །

མི་ཚེའི་དགའ་སྡུག་དབྱངས་ལ་བརྒྱུས། །

རུས་པའི་གླིང་བུ་དཀྲོལ་ཞིང་འཁྲོལ། །

བྱེའུ་ཆུང་འདྲ་བའི་སྙན་ངག་པས། །

འཁོར་བའི་ལ་དང་ལ་མོ་བརྒལ། །

ཤེལ་གྱི་གླེགས་བམ་བརྩིགས་པའི་ནང་། །

པི་ཝང་དཀར་པོའི་གཟུགས་རིས་བྲིས། །

སོར་མོས་ཡང་ཡང་བསྣུན་དང་ལྷན། །

ཤེས་རབ་རིག་པའི་འོད་སྣང་མཐོང་། །

འཇའ་དང་ཆར་སྤྲིན་འཐིབས་པའི་ནང་། །

བྱེའུ་ཆུང་འཇོལ་མོའི་གསུང་སྐད་ཐོས། །

རྣམ་ཤེས་དེ་ཡི་འཁྲིས་སུ་ཕྱོགས། །

ཡི་གེས་རྡུལ་ཚོན་སྣ་ཚོགས་ཕབ། །

རྟོག་བཏགས་སྒྱུ་མའི་ལྷ་ཁང་ནང་། །

སྣང་བ་སྟོང་བའི་གཟུགས་སུ་བཀོད། །

ལྷན་སྐྱེས་ཡེ་ཤེས་འབར་བའི་ལྷ། །

ལྷ་མོ་དཀར་མོའི་གམ་དུ་ཕྱིན། །

སྒྲ་སྙན་སྐད་སྙན་དབྱངས་འཇམ་མོ། །

རྒྱུད་དྲུག་ཚིགས་དྲུག་ཡིད་འཕྲོག་མོ། །

དཀར་གསལ་ཟླ་བའི་ལྕམ་སྲིང་མའི། །

བྱིན་རླབས་དྲོད་ཀྱི་ཕྱོགས་སུ་ཞེན། །

  • ལེ་ཚན་སྔོན་མ།:དུང་བའི་ཞེ་འཁྲེང་།
  • ལེ་ཚན་རྗེས་མ།:ཀ་རྩོམ་སྙིང་གི་མེ་ཏོག།