གངས་ལྗོངས་ས་མཐོར་ཆུ་འབྲས་བཏབ་པ།

    མི་དམངས་དྲ་བ་ནས་དྲངས།    2024-06-27

   བོད་ལྗོངས་རྒྱ་ཚ་རྫོང་གླིང་མདའ་ཤང་དཔའ་མདའ་གྲོང་ཚོའི་འབྲས་ཞིང་ནང་སྔོ་ཐིང་ཐིང་དུ་ཡོད་པའི་ལྗང་པ་སྐྱེ་འཚར་ལེགས་པས་སླར་ཡང་ལོ་ལེགས་ཡོང་རེ་ཡོད།

    ཤང་ཀྲང་ཚེ་བརྟན་བཀྲ་ཤིས་ཀྱིས“ཆར་ཆུ་དང་དྲོད་ཚད་ན་ནིང་ལས་ཡག་པ་ཡོད་པས་འདི་ལོ་ལོ་ལེགས་ཡོང་རེ་འདུག ན་ནིང་ང་ཚོས་གྲོང་ཚོར་ཆུ་འབྲས་མུའུ་20ཚོད་འདེབས་བྱས་པར་ཆ་སྙོམས་མུའུ་རེ་ནས་ཐོན་འབབ་རྒྱ་མ་1100ལྷག་ཙམ་བྱུང”ཞེས་བཤད།

   དཔའ་མདའ་གྲོང་ཚོ་ནི་ས་བབ་མཐོ་ཚད་སྨི་3175ཡོད་པའི་དཔེ་མཚོན་གྱི་ས་མཐོའི་གྲོང་ཚོ་ཞིག་ཡིན་པ་དང་གྲོང་ཚོའི་ཞིང་ནང་དུ་ལོ་ཏོག་གཙོ་བོ་ནས་དང་དགུན་གྲོ་འདེབས་ཀྱི་ཡོད། གྲོང་མིའི་ངོས་ནས་བརྗོད་ན། ཆུ་འབྲས་ནི་དེ་སྔོན་བཏབ་མྱོང་མེད་པའི་ལོ་ཏོག་ཅིག་རེད། གྲོང་མི་སྒྲོལ་དཀར་གྱིས“བཟའ་བྱའི་འབྲས་ཉོ་བ་ཕུད། ཆུ་འབྲས་སུས་ཀྱང་བཏབ་མྱོང་མེད”ཅེས་བཤད། ཆུ་འབྲས་བཏབ་ན་སྐྱེ་འཚར་ཡག་པོ་ཡོང་མིན་བསམ་བཞིན་དུ་སྒྲོལ་དཀར་གྲོང་ཚོའི་ནང་གི་ས་མཐོའི་ཆུ་འབྲས་ཚོད་འདེབས་བྱེད་མཁན་ཁག་དང་པོའི་གྲས་སུ་གྱུར།

    གྲོང་ཚོའི་ནང་གི་ཞིང་པ་ཚང་མ་ནས་དང་གྲོ་འདེབས་རྒྱུར་བྱང་ཆུབ་མོད། འོན་ཀྱང་ཆུ་འབྲས་འདེབས་པའི་ལག་རྩལ་ཐད་ཚང་མར་རྒྱུས་མངའ་མེད། “ལྷ་ས་ནས་ཡོང་བའི་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་དང་རོགས་རམ་འོག་ས་མཐོར་ཆུ་འབྲས་འདེབས་ཐུབ་ཡོད”ཅེས་སྒྲོལ་དཀར་གྱིས་བཤད།

    རིགས་གཅིག་མཁས་ཅན་ཁོང་ནི་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཧྥན་ཁྲུན་ཁུན་རེད། “མི་རྣམས་ཀྱི་བཟའ་བཏུང་གོམས་གཤིས་ལ་འགྱུར་ལྡོག་བྱུང་བ་དང་ཡུལ་སྐོར་འཛད་སྤྱོད་སོགས་ཀྱི་དགོས་མཁོ་ཆེ་རུ་ཕྱིན་པ་དང་བསྟུན་ནས་ས་མཐོར་འབྲས་ཀྱི་དགོས་མཁོ་ཇེ་ཆེར་འགྲོ་བཞིན་ཡོད། འོན་ཀྱང་ས་མཐོར་དྲོད་ཚད་དམའ་བ་དང་གསོ་རླུང་དཀོན་པའི་དབང་གིས་སྔོན་ཆད་མེ་ཏོག་རྫོང་དང་རྫ་ཡུལ་རྫོང་སོགས་ས་བབ་མཐོ་ཚད་སྨི་1500མན་གྱི་ས་ཁོངས་སུ་མ་གཏོགས་ཆུ་འབྲས་སྐྱེ་ཡི་མེད”ཅེས་ཧྥན་ཁྲུན་ཁུན་གྱིས་བཤད།

    ཞིང་ལས་ལ་ས་བོན་གཙོ་བོ་ཡིན་ཞིང་། “ཚན་ཞིབ་མི་སྣས་དཔྱད་རྩོམ་ས་གཞི་ཆེན་པོའི་ཐོག་འབྲི་དགོས”ཞེས་གསུངས་པ་ལྟར། སོན་གསོ་རིགས་གཅིག་མཁས་ཅན་ཧྥན་ཁྲུན་ཁུན་གྱིས་ས་མཐོར་འཚམ་པའི་ཆུ་འབྲས་ཀྱི་སོན་རྒྱུ་འདེམས་གསོ་ཧུར་ཐག་བྱས་པ་རེད།

    “2019ལོ་ནས་བཟུང་སྐམ་འབྲས་ཚོད་འདེབས་བྱེད་འགོ་བཙུགས་པ་དང་ང་ཚོས་རྒྱལ་ཡོངས་ས་གནས་ཁག་ནས་སོན་རྒྱུའི་ཐོན་ཁུངས་750ལྷག་ཙམ་ནང་འདྲེན་བྱས་པ་ཡིན། འོན་ཀྱང་བོད་དུ་འདེབས་སྐབས་སོན་རྒྱུ་དེ་དག་ལ་ལ་མཐོ་ཚད་ལི་སྨི་ཉི་ཤུ་སུམ་ཅུའི‘རྩྭ་ཡན’དུ་གྱུར་པ་དང་། ལ་ལ་མྱུ་གུའང་འབུས་ཐུབ་ཀྱི་མི་འདུག”ཅེས་ཧྥན་ཁྲུན་ཁུན་གྱིས་བཤད།

2020ལོར་རྒྱལ་ནང་གི་རིགས་གཅིག་མཁས་ཅན་གཞན་དག་དང་གྲོས་བསྡུར་བྱས་པ་བརྒྱུད། ཆུ་འབྲས་ཚོད་འདེབས་བྱེད་འགོ་ཚུགས། ཐེངས་དེར་ཧྥན་ཁྲུན་ཁུན་གྱིས་ཐེངས་གཅིག་ལ་སོན་རྒྱུའི་ཐོན་ཁུངས་1000ལྷག་ཙམ་ནང་འདྲེན་བྱས་པ་རེད།

    ཚོད་ལྟ་ཉིན་མཚན་བལྟོས་མེད་བྱས་པ་བརྒྱུད། 2023ལོའི་ཟླ་4པར་ཁོང་གིས་འདྲེས་སྦྱོར་ཆུ་འབྲས་ཁྲོད་ནས་སྐྱེ་ནུས་བརྟན་པ་དང་། དྲོད་ཚད་དམའ་པོ་བཟོད་ཐུབ་པ། འོད་ནུས་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པའི་སོན་རྒྱུ་གཉིས་འདེམས་གསོ་བྱས་པ་རེད།

   ཆུ་འབྲས་ས་མཐོར་འཕྲོད་པའི་རང་བཞིན་གྱི་རྐྱེན་རྩར་ཞིབ་འཇུག་གཏིང་ཟབ་བྱ་ཆེད། ཧྥན་ཁྲུན་ཁུན་གྱིས་ད་དུང་བོད་ཀྱི་ས་བབ་མཐོ་དམའི་བར་ཁོངས་མང་པོ་ཞིག་ཏུ་སྐྱེ་ཁམས་འཚམ་མཐུན་རང་བཞིན་གྱི་གསལ་འབྱེད་བྱས་པ་རེད། ཁོང་གིས“སྙེ་མ་གཏོང་བའི་དུས་དྲོད་ཚད་ཧྲེ་ཧྲི་ཏུའུ་7ནས་10བར་ལས་མི་ཟིན་ནའང་རྒྱུན་གཏན་ལྟར་སྙེ་མགོ་དོན་ཐུབ”ཅེས་བཤད།

    ཧྥན་ཁྲུན་ཁུན་གྱིས་སོན་རྒྱུ་འདེམས་གསོ་ནི་གཙོ་གནད་ཡིན་པ་དང་ཆ་འགྲིག་གི་འདེབས་གསོ་ལག་རྩལ་ཡང་མེད་དུ་མི་རུང་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། གྲོང་མི་ཚོས་ས་མཐོའི་ཆུ་འབྲས་འདེབས་པའི་ལག་རྩལ་གང་མགྱོགས་ཁོང་དུ་ཆུད་ཐུབ་པ་བྱ་ཆེད། ཧྥན་ཁྲུན་ཁུན་ཚོགས་པས་སྟབས་བདེ་ཞིང་ཤེས་སླ་བ་དང་བློས་འགེལ་ཆོག་པའི་འདེབས་རྩལ་ཆ་ཚང་ཞིག་ཞིབ་འཇུག་ཐུབ་པ་རེད།

    “ལག་རྩལ་དེ་དག་གིས་སྙེ་མགོ་མང་དུ་འགྲོ་བ་དང་། ལྗང་པ་ཉལ་འགོག ནད་འབུའི་གནོད་འཚེ་འགོག་བཅོས་བཅས་ལ་ཕན་ཐོགས་ཡོད”ཅེས་སྒྲོལ་དཀར་གྱིས་ཟིན་བྲིས་ནན་ཏན་བརྒྱབ།

    “རང་ཉིད་ཀྱིས་བཏབ་པའི་འབྲས་ཟ་རྒྱུ་བྱུང་ཡོང་སྙམ་པ་བསམ་བློ་ལའང་འཁོར་མྱོང་མེད། ད་ཆ་གྲོང་མི་ཚོ་གཉེན་འཕྲད་ལ་འགྲོ་སྐབས་ལག་རྟགས་ཡག་ཤོས་ནི་རང་ཁྱིམ་གྱིས་བཏབ་པའི་འབྲས་རེད”ཅེས་སྒྲོལ་དཀར་གྱིས་བཤད།

    ནས་མུའུ་རེའི་ཐོན་འབབ་རྒྱ་མ་ལྔ་བརྒྱ་དྲུག་བརྒྱ་ཡིན་པ་དང་ཆུ་འབྲས་མུའུ་རེའི་ཐོན་འབབ་རྒྱ་མ་སྟོང་ལྷག་ཙམ་ཟིན་གྱི་ཡོད། “ལོ་ཏོག་དེ་གཉིས་ཀྱི་སྟོན་བསྡུའི་དུས་ཚོད་དང་བརྔ་བསྡུ་བྱེད་སྟངས་རྦད་དེ་མི་འདྲ་ལ། སོག་མའི་སྤུས་ཚད་དང་ཐོན་ཚད་ལའང་ཧེ་བག་ཅུང་ཆེན་པོ་ཡོད། ཆུ་འབྲས་སྨིན་རྗེས་སོག་མ་སྔོན་པོ་བསྡུ་ཆོག་པ་དང་མུའུ་རེ་ནས་རྒྱ་མ་3000ལྷག་ཙམ་བསྡུ་རྒྱུ་ཡོད་པའི་ཁར་ཆུ་དང་མངར་ཆ་འདུས་ཚད་མཐོ་བས་ནོར་ལུག་ལ་སྟེར་ན་ཧ་ཅང་ཡག་པོ་འདུག”ཅེས་སྒྲོལ་དཀར་གྱིས་གསར་འགོད་པར་བཤད།

    འདི་ལོའི་དཔྱིད་རྨོད་རིང་ཧྥན་ཁྲུན་ཁུན་ལས་བྲེལ་ཧ་ཅང་ཆེ་ཞིང་། ཚོད་འདེབས་ཞིང་དུད་དང་ས་གནས་ཁག་གི་ཞིང་ལས་ལག་རྩལ་ཁྱབ་གདལ་པའི་ཁ་པར་སླེབས་སྐབས། ཁོང་གིས་སུན་སྣང་མེད་པར་དེའི་ཐད་ཀྱི་ཉམས་མྱོང་དང་ལག་རྩལ་གྱི་གནད་འགག་རེ་རེ་བཞིན་འགྲེལ་བཤད་རྒྱག་གི་ཡོད། “སླད་ཕྱིན་ཞིབ་འཇུག་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་དྲོད་ཚད་དམའ་པོ་བཟོད་ཐུབ་པ་དང་འོད་ནུས་ཆེ་བའི་ཐད་སྔར་བས་ཚད་བརྒལ་ཡོང་ཐབས་བྱེད་པ་དང་དུས་མཚུངས་ཐོན་འབོར་ཆེ་རུ་གཏོང་བའི་ཐད་ཤུགས་བརྒྱབ་ནས། ས་མཐོའི་ཡུལ་མི་ཚོར་སོན་བཟང་སྤྱོད་རྒྱུ་ཡོང་བ་དང་རྒྱུན་མཐུད་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་ཀྱི་ཡིན”ཞེས་ཧྥན་ཁྲུན་ཁུན་གྱིས་བཤད།


  • ལེ་ཚན་སྔོན་མ།:གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱད་དེ་འབྲོག་ཁུལ་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།
  • ལེ་ཚན་རྗེས་མ།:གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱད་དེ་འབྲོག་ཁུལ་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།
  • དོ་སྣང་ཆེ་བའི་རྩོམ།