དབྱར་འགོ་མའི་མཛེས་སྡུག།

༼ བློ་བཟང་འགྱུར་མེད། ༽        2024-07-05

སྤྲིན་དཀར་འདབས་མའི་ཁྲོད་ནས།།

སྦྲང་ཆར་དངོས་གྲུབ་གནང་བྱུང་།།

ས་གཞི་འཛིན་མའི་གཞུང་ལ།།

ལྗང་མདོག་གོས་ཀྱིས་བཀླུབས་བྱུང་།།

སྒེའུ་ཁུངས་ཤར་གྱི་ཕྱོགས་སུ།།

ནགས་ཀླུང་སྟུག་པོའི་ཁྲོད་ན།།

ཁུ་བྱུག་གསུང་དབྱངས་སྙན་མོ།།

རྣ་བའི་བཅུད་དུ་ལྷུང་ཡོང་།།

རི་རྩེ་གངས་ཀྱིས་གཡོགས་ཤིང་།།

རི་སྐེད་ནགས་ཀྱིས་བསྐོར་བའི།།

རི་འདབས་གཙང་པོ་འབབ་པའི།།

རི་ཆུ་གཙང་མའི་ཞིང་རེད།།

དུས་བཞི་དབྱར་གྱི་འགོ་མར།།

མཛེས་པའི་རི་ཀླུང་ཀུན་ན།།

མེ་ཏོག་འདབ་བརྒྱ་གྲོལ་བས།།

ཕྱོགས་བཞིའི་མགྲོན་པོ་བཀུག་སོང་།།


  • ལེ་ཚན་སྔོན་མ།:གྲིབ་གཟུགས་དེ་དག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།