༼ གཅན་གླག་མིག། ༽ 2024-07-05
ཞོགས་པར། གནམ་ངོ་དྭངས་ཤིང་གཡའ་དག་ལ། དྲོ་ཞིང་འཇམ་པའི་ཉི་འོད་སྐྱིད་གླེ་སྡེ་བའི་སྟོད་སྨད་བར་གསུམ་ཀུན་ཏུ་འཕྲོས་འདུག། བལྟས་ཚོད་ཀྱིས་ཨ་མ་ཉི་མས་གཟའ་ཉི་མ་ཐོན་པར་དགའ་བསུ་ཞུ་བ་དང་གཉིས་སུ་མེད། སྡེ་བའི་སློབ་གྲྭའི་ནང་དུ་དགེ་རྒན་ལྕགས་ལོས་སློབ་མ་འགའ་ལ་མི་རོ་རྩེ་སྒྲུང་དང་གླིང་གེ་སར་རྒྱལ་པོའི་སྒྲུང་གི་སྐོར་ནས་ལབ་གླེང་བྱེད་ཀྱིན་འདུག། ཉི་འོད་འོག་ཏུ་སློབ་རའི་ནང་གི་མེ་ཏོག་རྣམས་ལ་སྔར་ལས་བཀྲག་མདངས་རྒྱས་ཤིང་ལྟ་ན་སྡུག།
ལྕགས་ལོ་ནི་ལོ་ངོ་ཉི་ཤུའི་ཡར་སྔོན་དུ། སྐྱིད་གླེ་སྡེ་བ་འོག་མའི་སྡེ་དམངས་ཀྱིས་གདན་འདྲེན་ལྟར་གནས་འདིར་འོངས་ནས་སྡེ་བའི་སློབ་ཆུང་གི་སློབ་གཙོ་དང་དགེ་རྒན་གྱི་འགན་གཅིག་ལྕོགས་སུ་བཞེས་ཤིང་། ཞར་ཞོར་དུ་སྡེ་བའི་རྒན་རྒོན་རྣམས་ལ་མདོ་གདུགས་སྒྲོལ་གསུམ་ཁྲིད་ནས་ད་བར་དུ་ལུས་པས། ཁོ་རང་ངང་ངམ་ཤུགས་ཀྱིས་སྐྱིད་གླེ་སྡེ་བའི་གྲུབ་ཆ་གཙོ་བོ་རུ་གྱུར་ཡོད།
དང་ཐོག། སྐྱིད་གླེ་སྡེ་བའི་སྡེ་དམངས་ཀྱིས་ལྕགས་ལོ་གདན་འདྲེན་ཞུས་པ་དེ་ལ་རྒྱུ་མཚན་ཡོད་དེ།
ལྕགས་ལོའི་ཨ་ཕའི་མིང་ལ་ལྕགས་བྷེ་ཟེར་ཞིང་། ཨ་མའི་མིང་ལ་ལྕགས་མོ་ཟེར། ལྕགས་བྷེ་ནི་བན་བོན་གཉིས་ཀྱི་ཆོས་ལ་མཐའ་གཅིག་ཏུ་དད་ཅིང་། མདོ་སྔགས་གཉིས་ཀར་བྱང་ཆ་མངའ་བའི་སྔགས་པ་ཞིག་ཡིན་པས། ལྕགས་ལོས་ཆུང་དུས་ནས་བན་བོན་གཉི་གའི་ཆོས་ཀྱི་ཆོ་ག་དང་རྒྱུན་ཤེས་སྣ་ཚོགས་ཤིག་སྦྱངས་ཟིན་པ་དང་། ནར་སོན་པའི་གོ་རིམ་ཁྲོད། ཁོ་རང་གཞི་ནས་ལྷན་སྐྱེས་ཀྱི་ས་བོན་ལེགས་ཤིང་། ཕྱིས་བྱུང་གི་མྱུ་གུ་མཛེས་པ། རྣམ་དཔྱོད་ཀྱི་ཡལ་ག་རྒྱས་པ། གཞན་ཕན་གྱི་འབྲས་སུ་སྨིན་པ་སྟེ། སྐྱོན་ཀུན་བྲལ་དང་ཡོན་ཏན་ཀུན་འཛོམས་ཀྱི་བྱིས་པ་ཞིག་ཏུ་གྱུར་པས། ཁོ་ནི་སྡེ་མི་རྣམས་ཀྱིས་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་ས་དང་། ན་མཉམ་དག་གིས་ཡི་རང་གི་ལྷ་དར་འཐེན་ས། དགེ་རྒན་རྣམས་ཀྱིས་རེ་གཞག་གི་མིག་ཟུང་བགྲད་སའི་གཞི་རུ་གྱུར་ཡོད་གཤིས། ལྕགས་ལོའི་ཨ་མའི་ཡིད་རབ་ཏུ་ཚིམས་ནས་རྟག་ཏུ་ཟ་མ་ཞིམ་པོ་རེ་དང་ལྭ་བ་ཡག་པོ་རེ་བྱིན་ནས་ལྕགས་ལོ་ལ་མུ་མཐུད་དེ་ཤུགས་རྒྱག་དགོས་པའི་སྐུལ་མ་གཏོང་བཞིན་ཡོད། ཡིན་ནའང་། ལྕགས་ལོའི་ཨ་ཕས་དེ་འདྲ་ཡེ་ནས་འདོད་ཀྱིན་མེད་དེ། ལྕགས་ལོའི་མཚན་སྙན་གྲགས་ཇེ་ཆེར་སོང་བ་དང་བསྟུན་ནས། ལྕགས་ལོའི་ཨ་ཕའི་གདོང་གི་འཛུམ་མདངས་ཀྱི་རི་མོ་ཡང་ཆར་རྗེས་ཀྱི་འཇའ་ཚོན་ལྟར་གར་སོང་ཆ་མེད་དུ་གྱུར་པས། ལ་ལས་ལྐོག་ནས་ལྕགས་བྷེས་རང་གི་བུ་ལ་ཕྲག་དོག་བྱེད་ཀྱིན་འདུག་ཅེས་སྡིགས་མོ་བྱས་ཤིང་། ལ་ལས་མངོན་སུམ་གྱིས་ལྕགས་བྷེ་དང་ལྕགས་མོའི་མདུན་ནས་ལྕགས་ལོ་ལྟ་བུའི་བུ་ངར་བ་ཞིག་ལ་ཕ་མ་འདྲ་མེད་ཅིག་འདུག་ཅེས་མཚང་འབྲུ་བར་བྱེད།
སློབ་ཆུང་ལོ་རིམ་དྲུག་པ་འགྲིམ་དུས་སུ། ལྕགས་ལོས་ཞིང་ཆེན་རིམ་པའི་སློབ་གྲྭ་ཆུང་འབྲིང་གི་གཏམ་བཤད་འགྲན་བསྡུར་ཁྲོད་བྱ་དགའ་བླངས་སོང་བས། ལྕགས་ལོ་ངོ་ཤེས་མིན་གཉིས་ཀྱིས་ལྕགས་ལོའི་མིང་ཐོས་མྱོང་བར་མ་ཟད། ལྕགས་ལོའི་མཚན་སྙན་གྲགས་སྔར་ལས་རྒྱས་ནས་ཀུན་གྱིས་བསྟོད་ཅིང་ཡོངས་ཀྱིས་བསྔགས།
ལྕགས་བྷེའི་བསམ་པར། རང་གི་བུ་འདི་ལས་ཅན་རེད་ཟེར་མི་རིགས་ཏེ། ཨ་ཁུ་མོ་བའི་གསུངས་ལྟར་ན། ལོ་གཅིག་ལྷག་གི་རྗེས་སུ་ངེད་བཟའ་ཟླ་གཉིས་ཀ་གཤིན་རྗེའི་མདུན་སར་ཆས་འགྲོ། དེ་དུས་ཁོ་རང་མགོན་མེད་སྐྱབས་མེད་ཀྱི་དྭ་ཕྲུག་ཏུ་གྱུར་པ་རེད། ཡང་རང་གི་བུ་འདི་ལས་ངན་རེད་ཟེར་མི་རིགས་ཏེ། བུ་འདི་ཆུང་དུས་ནས་བློ་རིག་བཀྲ་ཞིང་། ངང་རྒྱུད་འཇམ། གཤིས་རྒྱུད་ཡག། རྣམ་དཔྱོད་ལྡན། མཁྱེན་རྒྱ་ཡངས་པའི་ཐོག། ཆེ་བ་ལ་ཡ་ཡ་དང་ཆུང་བ་ལ་ཡོ་ཡོ་ཟེར་བའི་མི་ཡ་རབས་ཤིག་ཡིན་པས། མི་གཞན་གྱི་མིག་ནང་དུ་ལྷ་ལྟ་བུ་ཡིན། དེ་ལྟར་ལགས་མོད་ཀྱང་། ངེད་ཚང་སྔགས་རྒྱུད་ཡིན་པས། བུ་འདི་རྗེ་ཙོང་ཁ་པ་ལྟ་བུ་ཞིག་མི་འཁྱོངས་རུང་། ཆོས་སྒོར་ཞུགས་ནས་ཐོས་བསམ་སྒོམ་གསུམ་མཛད་ན་ནི། ནམ་ཞིག་གི་ཚེ་བུ་འདིའི་མཐུ་དང་རྩལ་གྱིས་ངེད་བཟའ་ཟླ་གཉིས་ཀྱི་ཉེས་དམིགས་མཐའ་དག་བསལ་བར་བྱ་ངེས་སྙམ་མུར། ལྕགས་ལོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་བསྐྱལ་ནས་གྲྭ་པ་བྱེད་དུ་འཇུག་རྒྱུའི་སེམས་ཐག་བཅད། འོན་ཀྱང་ཞྭ་སེར་བསྟན་པའི་དགོན་ཆེན་དྲུག་གི་ཡ་གྱལ་དུ་བགྲང་བའི་བླ་བྲང་དགོན་པའི་གྲྭ་པ་བྱ་རྒྱུ་ནི་དེ་འདྲའི་ལས་སླ་བོ་ཞིག་ག་ལ་ཡིན།
གཅིག་ནས་ལྕགས་ལོས་ཚེ་གང་བོར་དགེ་རྒན་བྱས་ནས་མི་མང་པོའི་ཡིག་རྨོངས་སེལ་འདོད་པས། གྲྭ་པ་བྱེད་རྒྱུར་ཡེ་ནས་འཐད་པ་མ་བྱུང་བ་དང་། གཉིས་ནས་ལྕགས་ལོ་ཕ་བུ་གཉིས་ཀས་བན་བོན་ཆོས་ལུགས་གཉིས་ལ་དཀྱུས་གཅིག་ཏུ་དད་ཅིང་མཆོད་པས། སངས་རྒྱས་ཆོས་ལུགས་བླ་རུ་མཆོད་ཅིང་གཙུག་ཏུ་བཀུར་བའི་མདོ་སྨད་བླ་བྲང་དགོན་པ་ནས་གྲྭ་པ་བྱེད་རྒྱུ་ནི་གནམ་གྱི་སྐར་མ་འཛིན་པ་ལས་ཀྱང་དཀའ་ཁག་འདུག། དེ་བས། ལྕགས་བྷེ་འུ་ཐུག་ཐབས་ཟད་ངང་སེམས་འགུལ་གྱི་སྙིང་རྩ་འཕར་ཞིང་ལྡིང་བ་དང་། མནོ་སེམས་ཀྱི་མཚོ་མོ་འཁྱོམས་ཤིང་འཁྲུགས་ནས་རང་ཡུལ་དུ་ལོག་ཅིང་། ལྕགས་ལོ་སྔར་ལྟར་སློབ་གྲྭར་འགྲིམ།
ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པ་ནང་བཞིན། ལྕགས་བྷེ་བཟའ་ཟླ་གཉིས་ལ་སྙུང་གཞི་དྲག་པོས་མནར་ནས་འཕྲོ་རིམ་འཕྲོར་ལྔ་བའི་ལམ་དུ་ཆས་སོང་བས། ལྕགས་ལོ་དངོས་གནས་མགོན་མེད་སྐྱབས་མེད་ཀྱི་དྭ་ཕྲུག་ཅིག་ཏུ་གྱུར་སོང་།
ལྕགས་ལོས་སྔར་ལས་བརྩོན་པ་ཆེར་བསྐྱེད་ཀྱིས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་སློབ་སྦྱོང་ལ་འབད་པ་གང་ལེགས་བྱས་སྟབས། སློབ་ཆུང་ནས་སློབ་འབྲིང་དང་། དེ་ནས་སློབ་ཆེན་མཐར་ཕྱིན་རག་བར་དུ་སློབ་གྲོགས་ཕོ་མོའི་ཡོངས་ཀྱི་ཁྲོད་སྦྱངས་འབྲས་ལེགས་པ་དང་། གཞུང་རྒྱུད་དྲང་བ། མི་ལ་བྱམས་པ། གྲོགས་ལ་ཕྱི་ཐག་རིང་བ་སོགས་གང་གི་ཆ་ནས་ཀྱང་ལེགས་ཐོག་རབ་དང་ཡག་ཐོག་རྒྱན་ཡིན་པས། ཁོའི་སློབ་ཡོན་དང་འཚོ་བའི་མ་དངུལ་གྱི་འགྲོ་གྲོན་མཐའ་དག་འོད་ཁྱིམ་དགེ་སྒྲུབ་ཚོགས་པས་འགན་ཁུར།
སྤྱིར་ན་ཁོས་རབ་འབྱམས་པ་དང་། དེ་ནས་འབུམ་རམས་པར་རྒྱུགས་སྤྲོད་འདོད་ཡོད་ལ། རྒྱུགས་འཕྲོད་མིན་ལའང་ཐེ་ཚོམ་སྤུ་ཙམ་ཡང་མེད་མོད། ཡིན་ནའང་ཁོས་གཞན་ལ་དཀའ་ལས་གཏད་སོང་བསམས་ནས་རབ་འབྱམས་པ་དང་འབུམ་རམས་པ་འདོན་རྒྱུའི་འདུན་པ་དོར་ནས་ཞིང་ཆེན་རིམ་པའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བསྡུ་ལེན་གྱི་རྒྱུགས་ལ་ཞུགས་ནས་སྐར་འབྲས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་བླངས་ཤིང་། དེ་སྔོན་གྱི་ཟིན་ཐོ་ལས་ཡོངས་སུ་བརྒལ་པའི་ཚེ་ན། ལྕགས་ལོས་གཞི་རིམ་གྱི་བོད་རིགས་མི་དམངས་སྤྱི་དང་སྒོས་སུ་སློབ་མ་རྣམས་ལ་ཞབས་འདེགས་ཞུ་རྒྱུའི་ཆོད་སེམས་དང་བཅས་ལས་གནས་སུ་ཞུགས་པའི་བརྡ་ལ་བསྒུགས་ནས་བསྡད།
བལྟས་བལྟས་རིག་རིག་ལ་རང་དང་མཉམ་པར་རྒྱུགས་ལ་ཞུགས་པའི་སློབ་གྲོགས་མང་པོ་ལས་གནས་སུ་ཞུགས་ཟིན། ཡིན་ནའང་ལྕགས་ལོ་ལ་ད་དུང་བརྡ་མ་འབྱོར་བས། ཁོ་རང་རྫོང་སློབ་གསོ་ཅུས་ལ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱས། མ་བསམ་ས་ནས་ལོ་འགའི་ཡར་སྔོན་དུ་ལྕགས་ལོའི་ཨ་ཕས་སྡེ་བའི་ཆེད་དུ་དྲང་བདེན་གྱི་སྐད་ཆ་གཅིག་བཤད་པར། ཕ་རོལ་པོས་མ་ཉན་པར་མི་ཤི་རྟ་འགྱེལ་གྱི་སྐྱོ་གར་འཁྲབ་པས། ཁོ་རང་རྫོང་སྤྱི་བདེ་ཅུས་ནས་བཙོན་འཇུག་བཀག་སྐྱིལ་བྱས་པ་དེར་ལན་འདུག།
སྐྱིད་གླེ་སྡེ་བ་གོང་མའི་སྡེ་དཔོན་གྱིས་གནས་ཚུལ་དེ་ཐོས་འཕྲལ། མྱུར་དུ་སོང་ནས་ལྕགས་ལོ་སློབ་གྲྭ་དེ་གར་གདན་འདྲེན་ཞུས། འོན་ཏེ། ལྕགས་ལོ་སྐྱིད་གླེ་སྡེ་བ་གོང་མ་ལ་མ་ཡོང་བར་སྐྱིད་གླེ་སྡེ་བ་འོག་མར་བུད་སོང་། རྒྱུ་མཚན་ནི་སྐྱིད་གླེ་སྡེ་བ་གོང་མའི་དགེ་རྒན་རྣམས་ནི་ལྦུ་ཆང་དང་ཐ་མག་གཟི་བརྗིད་ཀྱི་རྒྱན་དུ་བརྩི་ཞིང་། རྣམ་གཡེང་དང་བརྩེ་དུང་འཚོ་བའི་དྭངས་མར་རློམ་པའི་ཐོག། གཞན་དོན་ལ་གཉིད་འཐིབས་འཐིབས་དང་། རང་དོན་ལ་ནམ་ལངས་ལངས་ཀྱི་མི་དེའི་རིགས་ཡིན་པས། སྐྱིད་གླེ་སྡེ་བ་གོང་མའི་སློབ་རའི་མཁའ་དབུགས་དང་ལྕགས་ལོའི་སེམས་ཁོང་གི་སློབ་གྲྭ་གཉིས་ཡེ་ནས་ལྡོག་འདུག། དེ་བས། ལྕགས་ལོ་སློབ་གྲྭ་འདིའི་ནང་དུ་འགྲོ་མ་འདོད།
སྐྱིད་གླེ་སྡེ་བ་འོག་མའི་སྡེ་དཔོན་གྱིས་གོ་སྐབས་དེ་དམ་འཛིན་བྱས་ནས་ལྕགས་ལོ་གདན་འདྲེན་ཞུས་ཤིང་། ལྕགས་ལོས་ཀྱང་སྡེ་བ་འདིའི་གནས་ཚུལ་དངོས་ལ་རྒྱུས་ལོན་དཔྱིས་ཕྱིན་དང་བརྟག་དཔྱད་ཟབ་མོ་བྱས་ཏེ། བསམ་པ་རྣམ་དག་གིས་སློབ་གསོའི་བྱ་བར་ཤི་འབད་རོ་འབད་བྱས།
སྐྱིད་གླེ་སྡེ་བ་འོག་མ་ནི་གྲོང་ཁྱེར་དང་བར་ཐག་རིང་ཞིང་། འགྲིམ་འགྲུལ་སྟབས་མི་བདེ་ལ། དཔལ་འབྱོར་གྱི་ཡོང་འབབ་ཞན་ས་ཞིག་ཏུ་ཆགས་ཡོད་སྟབས། དགེ་རྒན་སུ་ཞིག་ཡོང་ནའང་ཟླ་འགའི་རྗེས་སུ་ལས་གནས་སྤར་ནས་ཡུལ་གཞན་དུ་འགྲོ་བས། སློབ་མའི་ཡིག་རྨོངས་སེལ་བའི་འགྲོས་དལ་ཞིང་ཚད་དམའ་བར་མ་ཟད། ཕྱི་རྐྱེན་དང་ནང་རྐྱེན་གང་ཡིན་ཆ་མ་འཚལ་བ་ཞིག་གིས་དགེ་རྒན་གང་དེ་སྒྱིད་ལུག་དང་ལེ་ལོ་ཅན་དུ་གྱུར་འགྲོ། ཡིན་ནའང་ས་འདིའི་མི་དམངས་རྣམས་ཀྱིས་སློབ་གསོ་ལ་བཟུང་བའི་རྣམ་འགྱུར་ལེགས་ཤིང་། སྐད་ཡིག་ལ་བཅངས་པའི་དུང་བ་ཟབ་པས། ལྕགས་ལོས་དཀའ་བ་བརྒྱ་ཕྲག་གདོང་གིས་བསུས་ཤིང་། ངལ་བ་འབུམ་ཕྲག་ཁྱད་དུ་བསད་ནས་ནམ་ཞར་ཕྱོགས་གང་ཅིའི་ཐད་ནས་འབད་འབད་འབུངས་འབུངས་དང་ནན་ནན་ཏིག་ཏིག་བྱས་སྟབས། སྐྱིད་གླེ་སྡེ་བ་འོག་མའི་སློབ་གསོའི་རྣམ་པ་རིམ་བཞིན་ཇེ་བཟང་ཇེ་ལེགས་སུ་ཕྱིན། དེ་དང་དུས་མཚུངས་སུ་བྲག་རི་གཟར་མོའི་རྦབ་རྡོ་ཞིག་ཀྱང་ལྕགས་ལོའི་མགོ་ལ་བབས།
ལྕགས་ལོས་རྟག་ཏུ་སྤྱི་ཚོགས་ཀྱི་ཟ་དང་ཟུར་མི་འདྲ་བ་ནས་མངོན་པའི་རུལ་སུངས་དང་འདྲ་མཉམ་མིན་པའི་སྣང་ཚུལ་མཐའ་དག་གཅིག་གཅིག་གཉིས་གཉིས་བྱས་ནས་དྲྭ་ལམ་དུ་སྤེལ་ཏེ། རྒྱུ་འབྱོར་བ་ཅན་གྱི་ཝ་མོའི་ཚོགས་དང་། ཐོབ་གོ་ས་ཅན་གྱི་སེང་གེའི་ཚོགས། ད་དུང་། མང་ཐོབ་ལ་དགའ་བའི་བྱི་ལའི་རིགས་དང་། ཁ་ཡག་ངོ་དགའ་ལ་གོམས་པའི་སྤྲེའུ་ཡི་རིགས། གཡོ་སྒྱུ་ཁྲམ་གསུམ་ལ་བྱང་བའི་རི་བོང་གི་རིགས། སྐྱོན་ཡོན་བླང་དོར་ལ་རྨོངས་པའི་ཕག་གི་རིགས་ཏེ། མདོར་ན། སྤྱི་ཚོགས་སྟེང་གི"འདྲེ་རྒོད"ཡོད་ཚད་ལ་ཕོག་ཐུག་བཏང་སོང་བས། ལ་ལས་མཐུ་བཏང་། ལ་ལས་དམག་དྲངས། ལ་ལས་བླ་བཙག་ནས་ལྕགས་ལོ་མྱུར་བ་མྱུར་དུ"མཛེས་སྡུག་གི་འཇིག་རྟེན"འདི་དང་ཁ་བྲལ་བའི་སྦྱོར་བ་བཤམས་ཤིང་སྨོན་ལམ་བཏབ།
ལྕགས་ལོས་ད་དུང་མུ་མཐུད་དེ། ཤེས་བྱའི་བློ་གྲོས་ཀྱི་དཀྱིལ་འཁོར་ཀུན་ནས་རྒྱས་ཏེ་ན་ཟུག་ལྕི་མོ་དཔའ་ཡིས་འཁུར་ཞིང་། གཞན་ཕན་བྱང་སེམས་ཀྱི་ནོར་བུས་ཐུགས་རྒྱུད་གཏམས་ཏེ་སྨྲེ་ངག་གི་འཁུན་སྒྲ་སྟོབས་ཀྱིས་འདེད་ཞོར། མཛེས་སྡུག་གི་ལང་ཚོ་མེ་ཏོག་འདྲ་བོ་མི་རིགས་སློབ་གསོའི་ཆེད་དུ་ཕུལ་ཞིང་། ཕྲ་ལྡེམ་གྱི་སྐུ་ལུས་སྨྱུག་མ་འདྲ་བོ་སློབ་བུ་ཚོའི་དོན་དུ་འཁྱོག་པས། རྨོངས་རྟུལ་གྱི་དྲི་མས་གོས་མེད་ལ་ང་རྒྱལ་གྱི་མགོ་འཕང་ཡང་མི་མཐོ་བ་དང་། འཕྱ་སྨོད་ཀྱི་ཁ་ཕོས་གཏམས་མེད་ལ་ཕྲག་དོག་གི་ཚེར་མདའ་གཟེངས་མེད་པ། ཕྱོགས་ལྷུང་གི་བཤན་གྲི་ཐོགས་མེད་ལ་འཕུང་དཀྲུག་གི་རྦབ་རྡོའང་སྒྲིལ་མེད་པ་ཡོངས་ཏེ། མདོར་དྲིལ་ན། གངས་རི་ལས་དཀར་ཞིང་ཚངས་ཐིག་ལས་དྲང་བའི་སེམས་པ་མངའ་བ་སྤྱི་དང་། རི་རབ་ལས་དཔངས་མཐོ་ཞིང་རྒྱ་མཚོ་ལས་གཏིང་ཟབ་པའི་ཐུགས་རྒྱུད་མཆིས་པ་དག་གིས་མདོག་དང་བྲོ་བ་མཐུན་པའི་ངེས་དོན་གྱི་འཁོར་ལོ་བསྐོར་ཞིང་། ཁ་དང་སེམས་པ་འདྲ་བའི་དྲང་བདེན་གྱི་རྒྱ་མ་ཐོགས་ནས་ལྕགས་ལོའི་ཕྱོགས་སུ་སྙན་པའི་བསྔགས་བརྗོད་བྱེད་ཅིང་། གུས་པའི་བཀུར་བསྟི་བགྱིས། དགྱེས་པའི་མཆོད་སྤྲིན་འབུལ།
སྐྱིད་གླེ་སྡེ་བ་འོག་མར་མཚོན་ནས་བཤད་ན། ལྕགས་ལོ་ནི་དགེ་རྒན་ཙམ་ཡེ་ནས་མིན་ཏེ། ད་དུང་གློག་ལས་མཁན་དང་། སྨན་པ་སོགས་ཀྱང་ཡིན་པས། གསེར་ས་ན་ཡོད་ཀྱང་འོད་གནམ་ན་ཡོད་ཅེས་དང་། ཡང་ན། མི་ཡོན་ཏན་ཅན་ས་གང་དུ་ཕྱིན་ཀྱང་དེ་རུ་བྲིན་ཞེས་པ་ལྟར། རྒྱལ་ཡོངས་ཀྱིས་ཁྱོན་ཡོངས་ནས་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་སྲིད་ཇུས་སྔར་ལས་ལག་བསྟར་མཐའ་འཁྱོལ་བྱས་ཏེ། ས་གནས་སོ་སོ་དང་། དུད་ཁྱིམ་སོ་སོའི་ཤེས་ཡོན་པ་དང་། ཁེ་ལས་པ། ཐེབས་རྩ་ཚོགས་པ། སྒེར་གཉེར་སྤྱི་ཕན་ལས་ཁུངས་སོགས་ལ་རྒྱབ་སྐྱོར་དང་གཟེངས་རྟགས་འབུལ་རྒྱུའི་ཐག་བཅད་དེ། ལྕགས་ལོ"2016ལོའི་རྒྱལ་ཡོངས་ཀྱི་གཞི་རིམ་དགེ་རྒན་དཔེ་ལེགས་ཅན་བརྒྱ"དང་། "ན་གཞོན་ཤེས་ཡོན་པ་བརྒྱ"ཡི་གྲས་སུ་བདམས་ཐོན་བྱུང་། དེ་ནས་བཟུང་། ལྕགས་ལོའི་མགོ་ཐོག་གི་རྦབ་རྡོ་དེའང་རིམ་གྱིས་ཡལ་ཏེ་ཤུལ་མེད་དུ་གྱུར་ཏོ། །
རྩོམ་གསར། 10