དབུས་ལ་བསྐྱོད་པའི་འཆར་ཡན་ཟམ་ཟོམ།

༼ ལྡོང་འཇིགས་སྲས། ༽        2024-06-28

མེ་ཏོག་གི་སྙིང་ཕུར་ས་ལ་བཏབ་ཅིང་འཇོ་སྒེག་གི་ལོ་ཟླ་སྨིན། དུས་བཞིའི་ཁྱད་པར་དུ་བྱས་པའི་བརྩེ་བྱམས་ཀྱི་དབྱར་ཁ་གངས་ལྗོངས་འདིའི་སྙིང་ཁ་རུ་གསོན་དུས། ཡོད་ཚད་ཀྱི་ཚེ་སྲོག་གི་བདེན་པ་གསར་དུ་རྙེད་ལ་རྒྱང་དུ་ཡོད་ཅིང་རྒྱང་ནས་ཡོང་བའི་དལ་འཇམ་གྱི་བསིལ་རླུང་ཡང་མོ་སེམས་ཁོང་དུ་རུམ།

ཕ་ཡུལ་ནས་སྟོད་ཀྱི་ཉི་མ་ལྷ་ས་བསམས་ན། དེ་ནི་སེམས་ཐག་ཉེ་ཡང་ལུས་ཀྱི་བར་ཐག་གིས་ཆོད་པའི་འཆར་སྣང་ཞིག་དང་མཐོ་བསྒྲོད་ལམ་དུ་ཞུགས་པའི་སྨོན་ལམ་གྱི་ཁ་ཞེང་རིང་ནས་རིང་ཐག་ཆོད་པའི་ཞིང་ཁམས་ཤིག་རེད། ཕ་ཡུལ་གངས་དཀར་གྱི་ཉི་འོད་འཕྲོ་བའི་གངས་འདབས་འདི་ནས། ཚེ་སྲོག་གི་བླ་རི་གྲངས་མེད་སེམས་སུ་དྲན་ལ། མ་འཇམ་ཡིད་ཁར་སྨིན་པའི་ལྷ་ཆེན་པོ་དྲན་ངོགས་སུ་རྨི་བཞིན་ཕོ་བྲང་དམར་པོའི་སྟོབས་བརྗིད་མིག་ལ་ཐོགས་ཏེ་རི་དང་ནགས་ཚལ་གྱི་གཅོང་རོང་གྲངས་མེད་དཀའ་བས་བཅད། རིམ་བཞིན་འཆར་ཡན་གྱི་གཤོག་པ་བརྐྱངས་ཏེ་འགྲུལ་བཞུད་ཀྱི་ལམ་སྣེ་རེ་རེ་མིག་སྔར་འཛུམ། ལོ་ཟླ་ལ་མེ་ཏོག་བཞད་པའི་དུས་ཚིགས་དག་ནི་ཅི་འདྲ་སྙིང་ལ་ཉེ་ཞིང་མཛེས་ཉམས་ཀྱིས་ཕྱུག་པ་ཞིག།

མཚར་སྡུག་རྒྱས་སྤྲོས་ཀྱི་རྩྭ་ཐང་ཆེན་མོ་དག་ཏུ་གཡང་དཀར་ལུག་ཁྱུ་ལྷས་ལ་བཀྲམས་པའི་བགྲེས་སོང་གི་ཤུལ་བཞག་མཐའ་དག་གང་ལ་ཡང་ལྷད་མེད་པ་ཞིག་རེད། ང་ཚོའི་སྨོན་ལམ་རྣམ་དག་གི་ཕ་མཐའ་བརྒལ་བའི་རེ་བཞག་གི་མཇལ་འཕྲད། ཡང་ན་སེར་ཆེན་མེ་ཏོག་གི་ལམ་ཁ་སྤྲོ་བས་ཕྱུག་ཅིང་དགེ་འབྲས་ར་བར་འཁུར་བའི་སེམས་ཅན་གྲངས་མེད། དད་པ་ཆེན་པོའི་ཐལ་མོ་སྙིང་ཁར་སྦྱར་ཏེ་ས་ཚིགས་རེས་མོས་སུ་ཞེན་ཆགས་ཀྱི་མཁར་རྫོང་ཕུབ། ཡང་ན་ལས་སྐལ་གྱིས་འཕྲད་པའི་འཚོལ་སྙེག་མང་པོའི་གཟབ་འཆོར་སྤྲས་མའི་མི་སྣ་འདི་དག། བོད་ལྗོངས་ཀྱི་ལང་ཚོའི་གསང་བ་མངོན་པའི་གབ་ཚིག་རེ་རེ་དང་འདྲ།

ངས་མཐོང་བ་མཐོང་ཡུལ་གྱི་ཁོར་ཡུག་འདིར་སྐད་རིགས་མི་གཅིག་ཅིང་མིག་འབྲས་ཀྱི་ཁ་དོག་མི་གཅིག་པའི་ཁ་མང་ལག་མང་གི་མི་འདི་དག། ད་དུང་གོ་ཐོས་སུ་ལྷ་ས་རུ་ཐོན་རྒྱུར་ལེ་བར700ལྷག་འདུག་ཟེར་སྐད། རང་ཉིད་ཀྱིས་ཆུང་དུས་སུ་ཞེ་ལ་འཁོར་མྱོང་བའི་ལྷ་ས་ལྷ་ཡི་ཞིང་ཁམས་ཟེར་བ་དེ་མི་བསམ་ཀ་མེད་བྱུང་། ང་ཆུང་དུས་སུ། ལྷ་ས་ནི་འགྲོ་ལམ་རིང་པོ་དེད་ནས་ཡར་འགྲོ་དགོས་སྣང་ཤར་མྱོང་ཡང་དེ་ནི་བསམ་ལོག་ཏུ་སོང་བ་ཞིག་སྟེ་ཆུ་ཕྲན་རྒྱུན་རིང་བའི་ཐུར་ལམ་དེད་པའི་ཞལ་འཕྲད་དུ་མངོན་འདུག། ལྷ་ས། ཨེ་མ་དགའ་འཛོམས་ཀྱི་ཞིང་ཁམས་སྦྱང་བའི་ལས་ཀྱི་ཞིང་ཁམས། འདི་ཕྱིའི་སྐྱོབ་པ་ཉག་གཅིག་ཏུ་སེམས་པའི་དབྱངས་ཀྱི་ལྷ་ཆེན། འབྱོར་ཕྱུག་གི་སྤྲིན་དཀར་རི་བོ་ཧི་མ་ལའི་མཐོ་ཚད་དང་མཉམ་པའི་ནོར་གྱི་ཕོ་བྲང་། ང་ནི་རེ་འདུན་རྣམ་དག་ཅིག་གི་ཡ་ཆུང་བརླན་བཞིན། སྨོན་ལམ་སྟོབས་ཆེན་ཞིག་གི་དྭངས་གཙང་འབྲས་བཟང་བསམ་བཞིན། ང་། ཉེ་བའི་ཉག་གན་གྱི་རི་ལོགས་དེ་ན། མདུན་བསྒྲོད་ཀྱི་གོམ་ཁ་ལ་མགྱོགས་མྱུར་གྱི་བང་རྩལ་ཐོགས་ཤིང་སེམས་ཀྱི་རྒྱུ་ཕྱོགས་དང་ལྷན། ང་ཡུན་ནས་ཡུན་གྱིས་ཡོང་བཞིན་ཡོད། བོད་ཟླ་བདུན་པའི་ཚེས་ཉི་ཤུའི་ཉིན་ང་རང་དངོས་གནས་གྲོང་ཁྱེར་ལྷ་ས་རུ་ཐོན་སོང་། མཐོང་བྱུང་། ཏག་ཏག་སྔོན་གྱི་ཅོང་གན་ན་རྩེ་མོ་གངས་དང་འདྲེས་ཤིང་དཀར་དམར་གློག་ཞགས་འཁྱུག་པའི་བཙན་པོའི་རྒྱལ་རབས་རང་བཞུགས་ཀྱི་ཕོ་བྲང་པོ་ཏ་ལ། ངས་མཐོང་བྱུང་། འོ་མ་འཇའ་དང་འདྲེས་པའི་ཚོན་གྱིས་ཕྱུག་པའི་ཕོ་བྲང་། འཇིག་རྟེན་དུ་འགྲན་བྲལ་ལྕགས་རིས་བསྐོར་བའི་དག་སེམས་ཀྱི་ཆོས་ཁང་ཆེན་མོ། ངས་མཐོང་བྱུང། ངས་དངོས་གནས་མཐོང་བྱུང་།


  • ལེ་ཚན་སྔོན་མ།:ཨ་ཕའི་རྒྱབ་གཟུགས་དང་སྐྲ་ལོ་སྔར་བཞིན་སོ་ན་གནས་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།