སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་ཚིགས་སུ་བསྡེབས་པ་བསྟོད་གསོལ་ངག་རིག་འགུག་པའི་ལྕགས་ཀྱུ།

ཚེ་དཔག་སྐྱབས།        2024-07-22

ཐུགས་རྗེའི་ཟླ་ཤེལ་ཞུན་མའི་མཚོ་ལ་མདངས་ལྡན་སྐུ་མཆོག་དཔལ་གྱིས་སྒེག་པ་ངག་དབང་དབང་ཕྱུག་དབྱངས་ཀྱི་ལྷ་མོ་རྩེ་དགའི་ཅོད་པན་འཆང་བ་མོ། །

སྤྲོས་བྲལ་བྱིན་རླབས་སྒྲ་དབྱངས་སྙན་མོས་ཐབས་ཤེས་ཟུང་གི་སྒྱུ་འཕྲུལ་རོལ་རྩེད་རྒྱལ་བ་དགྱེས་པའི་རྟོགས་བརྗོད་རིང་མོ་སྲིད་པའི་རྒྱན་དུ་བཀླུབས་པ་འདིས། །

ངོ་མཚར་སྒྲ་བརྒྱ་སྟོང་གི་སྨྲ་ལྕེ་བསྐལ་བར་འཇེབས་པས་དཔེ་ཟླ་མ་མཆིས་ཟབ་རྒྱས་གདམས་པ་མཆོག་གི་སྟེར་སྦྱིན་བསྒྲུན་མེད་སྟོང་ཉིད་དབྱངས་སུ་སྡེབ།།

འཕགས་ཡུལ་པཎ་གྲུབ་བྱེ་བས་ཁྱེད་ཉིད་དད་པའི་རི་བོར་བསླངས་ཤིང་སྔོན་མེད་ལེགས་བཤད་གང་གཱའི་ཆུ་ཀླུང་སྩོལ་བར་འདོད་གསོལ་ཞུ་ཡུལ་ངག་གི་ལྷ། །

ལས་ཉོན་བུ་ཆུང་དགྲ་རུ་ལངས་ཤིང་སྤངས་རྟོགས་དབྱེ་འབྱེད་ཕྲ་མོ་ཙམ་ལ་ཁྱེད་ཀྱི་ཡོན་ཏན་བརྗོད་ལས་འདས་སྟོབས་སྲིད་གསུམ་ཁྱོན་ན་འགྲན་ཟླས་དབེན། །

ཟག་མེད་བདེ་བ་མཆོག་གི་གཏེར་སྦྱིན་སྲིད་ཞིའི་དངོས་ཀུན་རང་བཞིན་གསལ་བྱེད་རྡུལ་བྲལ་མཁྱེན་པའི་ཡེ་ཤེས་འབྱུང་གནས་དགེ་ཚོགས་ཆར་སྤྲིན་འབེབས་བགྱིས་ཤིང་། །

རྟག་ཆད་ཟུང་གི་མཐའ་ལ་མ་ལྷུང་མཁྱེན་རབ་སྐྱེ་བ་ལྔ་བའི་སྒྲ་དབྱངས་ལྷ་མོ་ཁྱེད་ཀྱི་ཐུགས་ཀར་འཁྲུངས་ནས་དགེ་ཚོགས་མཚན་དཔེ་འབུམ་དུ་སྤྲུལ། །

ཡང་དག་དབུ་མའི་ལམ་ཆེན་བགྲོད་བྱེད་རྨོངས་འཇོམས་གཤེད་ཀྱིས་བབས་པའི་མཚོན་རྣོན་ངག་དབང་དབྱངས་བརྒྱའི་བདག་ཉིད་ཅན་མ་བདག་ཅག་ཚེ་རབས་རྗེས་འཛིན་མཛོད། །

བཞིན་རས་ཆུ་ཤེལ་འབུམ་གྱིས་བཀྲུས་ཤིང་ཚོགས་དྲུག་དབང་པོས་འཇིག་རྟེན་སྐྱེ་བོའི་གདུང་བ་རབ་འཕྲོག་ཡིད་འོང་དྲི་ཟའི་འཇོ་སྒེག་ཆོས་ཀྱིས་ཀུན་ནས་ཕྱུག །

སྐུ་ཡི་ན་ཚོད་ཤིན་ཏུ་གཞོན་པས་བཅུ་དྲུག་ལང་ཚོའི་གཞོན་ནུ་མ་ལ་བསྒྲུན་ཟླ་རབ་མཆིས་བྲང་སྐྱེས་མྱོས་བུམ་ཏོག་ཙམ་ལུས་ཀྱི་རྒྱན་དུ་འཁུར།།

མཛེས་པའི་སྐུ་ཡི་ལྷུན་པོའི་ཕང་བར་རྒྱུད་མངས་རོལ་ཆ་ལེགས་པར་བསྣམས་ཤིང་མི་རྟག་སྐྱེ་འཆིའི་རོལ་དབྱངས་ཟབ་མོ་རྟག་འཛིན་ཅན་གྱི་རྣ་བར་སྦྲན། །

བཅུ་ཕྲག་ཤེས་བྱའི་རིག་གཞུང་ཟེའུ་འབྲུ་གཞིབ་ལ་ཤིན་ཏུ་གཞོལ་མཁས་གདུལ་བྱས་ཁྱེད་ནི་ལྷག་པའི་ལྷ་རུ་སྒོམ་ཡོད་དབྱངས་ཅན་ལྷ་མོ་ཕྱག་གི་ཡུལ། །

འཆད་ལ་ཐོགས་མེད་གཞུང་ལུགས་འབུམ་ཕྲག་རལ་བའི་ཁུར་གཟེངས་པ་ཊུའི་རང་མདངས་ངང་གིས་གསལ་བྱེད་ཀུན་གྱི་གཙུག་ཕུད་དད་པའི་ལྷ་མོ་མཆོད་གྱུར་པས། །

རྩོད་པ་གློག་ཞགས་སྟོང་གི་འཁྱུག་རྩལ་ཕས་རྒོལ་གླང་སྨྱོན་འདུལ་བར་བགྱིད་མཛད་ལུང་རིགས་མཆེ་སྡེར་རྣོ་དབལ་འདི་ཀོ་གཞན་སྙིང་ལྐོག་མར་འབྱིན་བྱེད་པ། །

རྩོམ་ལ་འབྲས་བཟང་སྟོན་གྱི་ལོ་ལེགས་རབ་བརྗིད་འབྲས་བུས་ལྗོན་ཤིང་དུད་པ་ཕྱོགས་ཀྱི་མཁས་པས་སྤྱི་གཙུག་པདྨའི་གདན་དུ་བཀོད་ནས་སྙིམ་པས་གསོལ། །

འདི་ལྟར་འཆད་རྩོད་རྩོམ་པའི་བགྱི་བ་ཚེ་རབས་གཅིག་གི་དྲན་ཤིང་ངོས་ལ་བསྙེངས་བྲལ་གདོང་ལྔའི་ཕུང་པོ་ཇི་བཞིན་བརྗིད་དུ་གནས་པ་ཕྱག་གི་ཡུལ། །

འཁྲུལ་བྲལ་གདེང་ལྡན་རྣལ་འབྱོར་དག་གིས་དབེན་གནས་ཉམས་དགའ་མགུར་གྱིས་བཞེངས་ཤིང་ཉམས་རྟོགས་བྲག་སྐྱིབས་སྒྱུ་མའི་ཕུགས་སུ་མི་རྟག་སྣང་བའི་ཉི་ཤར་བསུས། །

མགྲིན་པའི་རོལ་མཚོ་དབྱངས་ཀྱིས་ཕྱུག་པས་ལྗགས་རྩེ་པདྨའི་མཆུ་འདབ་གཡོ་བའི་མཁས་རྒུའི་གཙུག་ལག་རིན་ཆེན་འབྱུང་གནས་སྨྲ་བ་ངག་གི་སྒོ་མོ་ཆེ།།

གཞན་ཡང་ཟློས་གར་རིག་བྱེད་སོགས་སུ་དབྱངས་ཀྱི་ལྷ་མོ་ཤེས་རབ་ཡུམ་ཆེན་མཆོག་ལྟར་བཀུར་ནས་མགྲིན་པའི་གླིང་བུ་བྱེས་སུ་འབུད་པའི་གླུ་ངག་མཁན། །

འཇིག་རྟེན་དགེ་ལེགས་འདྲེན་པའི་གཙོ་མོ་ངག་དབང་དབྱངས་ཀྱི་ཟླ་བའི་སྲིང་མོ་ཁྱེད་ནི་ཀུན་ལ་ཐུགས་རྗེ་སྩོལ་མཛད་མི་མཇེད་ཞིང་གི་ཐུ་བོ་ལགས། །

  • ལེ་ཚན་སྔོན་མ།:ཟླ་མཚོ། ཟླ་བའི་པང་དུ་ལོག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།