ཟླ་འོག་གི་ཚོར་མགུར།

དབྱངས་ལྡེའུ།        2024-07-17

            རླུང་བུ་རི་ཀླུང་རྒྱུ་བའི་དགུན་དུས་སུ། །

འདབ་མ་ཡལ་བའི་སྡོང་པོའི་གྲིབ་མ་ལྷན། །

ཁ་བའི་རྡུལ་གྱིས་བཞེངས་པའི་མི་གཟུགས་རེ། །

སྣང་བའི་འཇིག་རྟེན་མཛེས་བྱེད་སྤུངས་པ་བྲེལ། །

ཟླ་བ་ངུས་ཤིང་སྐར་མ་འཁྱག་པའི་མཁར། །

སྤྲིན་པ་ལག་མཐིལ་ཙམ་གྱི་ངོ་གདོང་ན། །

སྨྲེང་གླུ་དབྱངས་ལ་གྱེར་བའི་འདུན་པ་ནི། །

སེམས་ཀྱི་མཚོ་མོ་ནང་ནས་ཐོལ་གྱིས་འཕྱུར། །

སྒེའུ་ཁུང་ངོས་སུ་སྨག་རུམ་ཡོལ་བ་འཐེན། །

ཡོལ་བའི་གསེང་ནས་མིག་གི་བུང་བ་ཤོར། །

ལམ་འགྲམ་གློག་སྒྲོན་འོག་རོལ་ཕྱེ་མ་ལེབ། །

འཚོ་བའི་ཁེར་མ་ཀློང་གི་དབྱར་ཀ་མཐོང་། །

རྒོངས་ཀའི་ཟླ་བའི་དཔྱང་ཐག་སྒེའུ་ཁུང་གཡོ། །

ཁེར་རྒྱུ་རྣམ་ཤེས་མོད་པོས་ལག་བཟུང་སྟེ། །

སྟོང་ཆེན་གནམ་མཐའི་སྐར་ཚོགས་གར་རྩེན་པར། །

སྣང་བ་རྒྱ་ཡན་ཤོར་ནས་ལོ་ཟླ་འགོར། །

ཟླ་བའི་ཁུ་ཐིགས་རེ་རེ་མཚོ་རུ་བསྟིམས། །

མཚོ་མོ་དངུལ་དཀར་འདྲ་ཞིག་མཛེས་པ་བཞེངས། །

ལས་མཐུན་ནམ་ཟླའི་གྲོགས་དང་ལྷན་ཅིག་ཏུ། །

རི་སྡེའི་མཚན་མོ་ཞིག་ལ་རྒྱང་ལྟ་བྱས། །

དཀར་འཚེར་སྐར་རྒྱན་མཛེས་པའི་བར་སྣང་ན། །

མིག་གི་བུང་བ་ལྡིང་བའི་མཚན་ལྗོངས་རེར། །

དྲན་གདུང་ན་བུན་གསེང་གི་འདང་བརྩེ་མ། །

ཚོར་མགུར་འགྱུར་ཁུག་རེ་ལ་ལྷོད་ཀྱིས་འཚོ། །

ཚིག་རིས་མུ་ཏིག་ཚོར་བའི་དར་སྐུད་བརྒྱུས། །

སོར་མོའི་མཚོ་ངོགས་སྙན་ཚིག་ཟླ་བ་འཛུམ། །

ཞེ་འཁྲེང་ཀུ་མུད་འཛུམ་པའི་སྐྱེད་ཚལ་ནང་། །

འཛུམ་ཞལ་ཟླ་བ་དཀར་ཆུང་ཡལ་མེད་ཚེས། །

དྲན་འཛིན་ཡིད་ཀྱི་སྒོ་གླེགས་དམ་གཏན་རུང་། །

ཀུན་རྫོབ་འཚོ་བའི་དགའ་སྐྱོ་གཅིག་རྗེས་གཉིས། །

ཡིད་ཀྱི་སྒོ་གླེགས་བརྡུངས་ཏེ་སེམས་གཞིས་འདི། །

དགའ་སྐྱོ་ཆང་རག་སྣ་ཚོགས་སྐྱེལ་འདྲེན་བགྱིད། །


  • ལེ་ཚན་སྔོན་མ།:དབྱར་གྱི་མཛེས་སྡུག་འཐུ་བའི་འབྲོག་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།