སྒོར་མོ།

༼ རྩེ་སྲས་ཟླ་འོད། ༽        2024-07-15

སྒོར་མོ་ཞེས་པའི་མིང་ཡིག་འདི་ནི།

ཅི་འདྲའི་རྣ་བར་འཇེབས་ཤིང་ཡིད་དུ་སིམ་པ་ཞིག་རེད་ཨང་།

ཅི་འདྲའི་ཞེན་ཆགས་ཆེ་ཞིང་བཀོལ་སྤྱོད་ཆེ་བ་ཞིག་རེད་ཨང་།

ཡོད་ན་བསག་འདོད་ཀྱི་སྡུག་བསྔལ་དང་།

མེད་ན་མེད་མུག་གི་སྡུག་བསྔལ་ཆེ་བ་ཞིག་ཀྱང་རེད་ཨང་།

ད་ལྟའི་སྤྱི་ཚོགས་ཀྱི་ཚ་རླབས་ནི།

སྒོར་མོ་ཡོད་ན་བདེ་སྐྱིད་ཡོད་པའི་སྣང་བ་ཞིག་ཏུ་ངོས་འཛིན་ལ།

སྒོར་མོ་མེད་ན་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་འགྲོ་བ་ཞིག་ཀྱང་རེད་ཨང་།

སྒོར་མོ་ནི་བཙལ་དཀའ་ལ་བརླག་སླ་བའི་དངོས་པོ་ཞིག།

སྒོར་མོ་ནི་ངོམ་ཆོག་ལ་ཡིད་སྨོན་འཆོར་བའི་མི་རྟག་པ་ཞིག།

དོན་དམ་པར།

སྒོར་མོའི་སླད་དུ་འབད་བརྩོན་བགྱིད་ཆོག་ལ།

སྒོར་མོའི་དོན་དུ་ཡོད་ཚད་བློས་བཏང་ན་འགྲིག་གམ།

ཞིབ་པར་བསམ་གཞིག་རེ་བཏང་ན།

སྒོར་མོ་ཡོད་མེད་གཉིས་ཀ་སྡུག་བསྔལ་གྱི་དོང་ནང་དུ་ལྷུང་ཡོད་པ་འདྲ།

སྒོར་མོ་ཡོད་ཀྱང་ཁྱོད་ཀྱི་འཚོ་བ་ལ་བདེ་སྐྱིད་ལྡན་པའི་ངེས་པ་མེད་ལ།

སྒོར་མོ་ཡོད་ཀྱང་ཁྱོད་ཀྱི་དཔྱོད་ཤེས་ཀྱི་བློ་མིག་འབྱེད་པར་དཀའ།

སྒོར་མོའི་ཆེད་དུ།

ཁྲེལ་དང་ངོ་ཚ། ཁྱིམ་ཚང་། རུ་སྡེ།

ཕ་སྐད། མི་རིགས། ཐ་ན། སྐྱབས་འགྲོའི་སྡོམ་པ་ལ་སོགས་པ།

ཁ་ལུད་བཞིན་འདོར་བར་བྱེད་པར་ངོ་མི་གནོང་བ་ནི་རྒྱུ་ནོར་གྱིས་བསླུས་པ་མ་ཡིན་ནམ།

སྒོར་མོ་མ་གཏོགས་ཅི་ཡང་མི་དགོས་པ་དག་ནི།

ཕ་མེས་ཀྱི་སྲོལ་རྒྱུན་ལ་གཏོར་བཤིག་གཏོང་མཁན་གྱི་རྐང་འདྲེན།

མི་རིགས་ཀྱི་ཕ་སྐད་ལ་རྡོག་བརྫིས་བྱེད་མཁན་གྱི་ཕུང་གསུམ་པ།

བུ་རབས་ཚ་རྒྱུད་ཀྱི་རླུང་རྟ་ལ་ནག་ཉེས་བཟོ་མཁན་གྱི་ཞབས་འདྲེན།

ཆོས་སྲིད་ཀྱི་རྩ་ཁྲིམས་སྣང་མེད་དུ་འཇོག་མཁན་གྱི་གཏེ་བོ།

ཁྱོད་ཀྱིས་སྒོར་མོའི་ཆེད་དུ་འདོར་བཞིན་པ་ནི།

དོན་གྱིས་སྡུག་བསྔལ་གྱི་མེ་འོབས་ཤིག་འཚོལ་བཞིན་པ་འདྲ།

སུ་ལ་སྒོར་མོ་མོད་ན།

ཁྱོད་ཀྱིས་དེ་ལ་ངོ་དགའ་བྱེད།

གཡོ་ཟོལ་གྱི་སྤྲེལ་ལད་སྟོན།

ཅི་བཤད་དང་དུ་ལེན།

“ཕ་མས་སྤྲད་པའི་མགོ་བོ་མཐོན་པོ་དེ་གཞན་གྱི་

རྐང་འོག་ཏུ་འཇོག”པར་ཐེ་ཚོམ་མེད།

ཁྲེལ་མེད་ཀྱི་གཏི་ཐུག།

བཀང་མེད་ཀྱི་ཧེབ་རྒན།

ནམ་ཞིག། ཁྱོད་ཀྱིས་ཡོད་ཚད་བརླག་སྲིད་ལ།

ནམ་ཞིག། ཁྱོད་ཀྱིས་ཡོད་ཚད་བཏང་ཟིན་པ་ལ་འགྱོད་གདུང་གི་སྡུག་ཡུས་འདོན་སྲིད།

སྒོར་མོས་ཁྱོད་དགའ་རུ་འཇུག་ཐུབ་ལ།

སྒོར་མོས་ཁྱོད་ངུ་རུ་འཇུག་ཐུབ།

སྒོར་མོས་ཁྱོད་གསོན་དུ་འཇུག་ཐུབ་ལ།

སྒོར་མོས་ཁྱོད་ལྔ་ལམ་དུ་བརྫངས་ཐུབ།

སྒོར་མོས་ཁྱོད་ཀྱི་ཁྱིམ་ཚང་ལ་བདེ་སྐྱིད་ཉི་ཚེ་བ་ཞིག་སྦྱིན་ཐུབ་ལ།

སྒོར་མོས་ཁྱོད་ཀྱི་འཚོ་བར་དུས་གཏན་དུ་སྡུག་བསྔལ་གྱི་མཚོ་མོ་བསྐྱལ་ཐུབ།

སྒོར་མོ་ནི་འཚོ་བའི་སྙིང་པོ་མིན་ལ།

སྒོར་མོ་ནི་མི་ཚེའི་རིན་ཐང་ཡང་མིན།

སྒོར་དུང་ཕྱུར་གྱི་ཕྱུག་བདག་ཆོབ་པོ་སི་ཡིས་བྱིས་པར་ཕྱུག་འགྱུར་གྱི་སློབ་གསོ་མ་གཏོང་།

ཁྱོད་ཀྱི་རྒྱུ་ནོར་གྱིས་ཁྱོད་ཀྱི་བགེགས་བར་ཆད་ལ་བཀག་འགོག་བྱེད་མི་ཐུབ་པས།

བདེ་སྐྱིད་ངོ་མ་ནི་ཕ་མ་དང་གྲོགས་པོ། གཅེན་གཅུང་ལྷན་དུ་ཡོད་དུས།

སྤྲོ་སྣང་གིས་བརྟས་ཏེ། ཤོད། འཛུམ། སྤྲོ་གླུ་ལོངས།

རྒྱུ་མཚན། དེ་ནི་བདེ་སྐྱིད་ངོ་མ་དེ་རེད་ཅེས་གསུངས་པ་བཞིན།

འཇིག་རྟེན་འདིའི་ཡོད་ཚད་སྒོར་མོ་མིན་པ་དང་།

འཇིག་རྟེན་འདིའི་བདེ་སྐྱིད་ངོ་མ་ནི་རྒྱུ་ནོར་མ་ཡིན་པ།

ཁོ་རང་གི་ཆེས་མཐའ་མཇུག་གི་ཁ་ཆེམས་ནང་དུ་ར་སྤྲོད་བྱས་ཡོད།

དེ་བས་ན།

ང་ཚོས་སྒོར་མོ་འཚོལ་བའི་སྙིང་པོ་རྟོགས་དགོས་ལ།

སྒོར་མོ་བཙལ་རྗེས་སྤྱོད་ཀྱང་ཤེས་དགོས།

ང་ཚོས་སྒོར་མོའི་རིན་ཐང་དང་ཉེས་དམིགས་ལ་བསམ་བློ་གཏོང་ཤེས་དགོས།

བཀོལ་ཤེས་ན།

སྒོར་མོ་ནི་བསོད་ནམས་ཀྱི་ཚོགས་འགྲུབ་བྱེད་ཀྱི་མཐུན་རྐྱེན་ལེགས་ཤོས་ཤིག་ཏུ་འགྱུར་ཐུབ་ལ།

བཀོལ་མ་ཤེས་ན།

སྒོར་མོ་ནི་ལས་ཉོན་གྱི་དམ་དུ་བཅིངས་བྱེད་ཀྱི་སྡུག་བསྔལ་གྱི་འབྱུང་རྩར་ཡང་འགྱུར་སྲིད།

༡༠

ཀྱེ། ཀུན་དགའ་དོན་འགྲུབ་ལ་མོས་མཁན་རྣམ་པ།

དོན་དམ་པར། སྒོར་མོ་ནི།

བདེ་སྐྱིད་ཅིག་གི་དྲོད་ཐིག་ཡིན་ནམ།

ཡང་ན། བསླུ་བྲིད་ཅིག་གི་གཤེད་མ་རེད་ཨང་།

  • ལེ་ཚན་སྔོན་མ།:ལག་བརྡ།
  • ལེ་ཚན་རྗེས་མ།:ཞེ་འཁྲུལ་གྱི་ལབ་གླེང་།