ཕྱིར་ལོག་མེད་པའི་མི་ཚེ།

མེ་ཆར།        2024-07-19

            ཕྱིར་ལོག་མེད་པའི་མི་ཚེའི་ལས་དབང་ལ་བསམས་ན། །

མཁའ་ལ་འཕུར་འདོད་རྔམ་པའི་གཟེབ་ནང་གི་བྱེའུ། །

མཚོ་དང་རི་ཀླུང་བརྒྱུད་ནས་འཕུར་འདོད་ཅིག་ཡོད་ཀྱང་། །

ཤེད་ཤུགས་བྲལ་བའི་གཟེབ་ཀྱི་བྱེའུ་ཆུང་ང་སྐྱོ་བ། །

ཕྱིར་ལོག་མེད་པའི་མི་ཚེའི་ལས་དབང་ལ་བསམས་ན། །

ལས་དང་བྲལ་བའི་ཁེར་རྐྱང་སྐྱོ་བ་ཡིས་གཏིབས་པ། །

རང་དང་འཚམ་པའི་རྨི་ལམ་འཚོལ་སྙེགས་ཤིག་ཡོད་ཀྱང་། །

ཅི་འདོད་ལས་རྒྱུ་མེད་པའི་བུ་མོ་ང་སྐྱོ་བ། །

ཕྱིར་ལོག་མེད་པའི་མི་ཚེའི་ལས་དབང་ལ་བསམས་ན། །

དྲ་བའི་རྒྱ་རུ་ཚུད་པའི་གསེར་མིག་གི་ཉ་མོ། །

བདེ་མོའི་འཁྱུག་རྩལ་ང་ལ་ངོམ་འདོད་ཅིག་ཡོད་ཀྱང་། །

རྐྱལ་རྩལ་མེད་པའི་ཉ་མོའི་ལས་དབང་རང་སྐྱོ་བ། །

ཕྱིར་ལོག་མེད་པའི་མི་ཚེའི་ལས་དབང་ལ་བསམས་ན། །

སྐྱིད་སྡུག་གཉིས་ཀྱི་མལ་བསྟན་བཏང་མྱོང་ཞིག་ཡོད་མོད། །

དགའ་སྐྱོ་ཟུང་གི་མིག་ཆུ་དེ་བས་ཀྱང་བཏོན་མྱོང་། །

འདས་ཟིན་ལོ་ཟླ་སྐྱུར་མོ་ཡིད་ངོར་ལ་གཟན་པ། །

ཕྱིར་ལོག་མེད་པའི་མི་ཚེའི་ལས་དབང་ལ་བསམས་ན། །

བྲིས་ཀྱང་རྫོགས་མཐའ་མེད་པའི་མི་ཚེ་ཡི་གླེགས་བམ། །

རེ་དོགས་རེས་མོས་སེམས་ཚོར་དྲག་པོ་ཡི་ཀློང་ནས། །

སྐྱོ་བའི་ཡུལ་ན་སྐྱོ་བ་རྫོགས་མཐའ་ཞིག་མེད་དོ། །

ཕྱིར་ལོག་མེད་པའི་མི་ཚེའི་ལས་དབང་ལ་བསམས་ན། །

བགྲང་ཡས་ལོ་ཟླ་སྐྱ་བོའི་འཕྲང་རིམ་དེ་རྒལ་དུས། །

ལུས་དང་སེམས་ཀྱིས་མྱངས་པའི་ཚོར་བ་ཡི་ཕུང་པོ། །

འཇིག་རྟེན་སྤྲོ་དགའི་འདུ་འགོད་ཁོ་མོ་ཡིས་མ་མཐོང་། །

ཕྱིར་ལོག་མེད་པའི་མི་ཚེའི་ལས་དབང་ལ་བསམས་ན། །

ལོ་ཟླ་རེས་སུ་འཁོར་བའི་སྐྱོད་མཚམས་དེའི་བར་ན། །

ངོ་གདོང་ཆུ་ཡིས་བརླན་པའི་སྐྱོ་ཤས་ཀྱི་ཚོར་སྣང་། །

ཡིད་ཀྱི་ངོས་སུ་བཞུར་བ་ཐེངས་གཅིག་ཙམ་མ་ཡིན། །

འདས་སོང་ལོ་ཟླའི་རི་མོ་ཡིད་ངོ་རུ་འཆར་ཚེ། །

ཡ་ཆུང་སྐྱོ་གདུང་ཆུ་བོ་ཆད་མེད་དུ་བྲུག་ཅིང་། །

བྲང་ཁོག་འདི་ན་སྐྱོ་བའི་ན་བུན་གྱིས་དཀྲིས་དུས། །

སྐྱོ་གར་ཚིག་ལ་བརྒྱུས་པ་ཁོ་མོ་ཡི་ལས་དབང་། །


  • ལེ་ཚན་སྔོན་མ།:ཟླ་མཚོ། ཟླ་བའི་པང་དུ་ལོག།
  • ལེ་ཚན་རྗེས་མ།:ཁྱོད་རང་ཉལ་ཁར།