༼ ཆང་གཞོན་ནུ། ༽ 2024-07-10
རྩོམ་པ་པོ་རཱོ་ཟི•བྷིན་ནེ་ངྷོ་ཁཱི་ཐི(1887—1948)ནི་ཨ་རིའི་མིང་དུ་གྲགས་པའི་དེང་རབས་རིག་གནས་མིའི་རིགས་རིག་པ་སྨྲ་བ། ཁོང་གིས་དུས་སྔ་མོར་དབྱིན་ཇིའི་རྩོམ་རིག་ལ་སྦྱངས་མྱོང་བ་དང་། རྩོམ་རྩལ་མཐོ་ཞིང་སྙན་ངག་འབྲི་བར་མཁས། ཕྲ་ཞིང་ཕྲ་བའི་རིམ་པ་ཞིབ་འབྲི་ལ་འཇོན། མིང་དུ་གྲགས་པའི་བརྩམས་ཆོས་ལ《རིག་གནས་མ་དཔེ》དང《ལུག་མིག་མེ་ཏོག་དང་རལ་གྲི》གཉིས་ཡོད། བརྩམས་ཆོས་ཁྲོད་དུ་བཏོན་པའི་གནད་དོན་དང་ལྟ་བ་དག་ལ་མིའི་རིགས་རིག་པ་དང་ལོ་རྒྱུས་རིག་པའི་བསླབ་ཚན་ཁག་གིས་མཐོང་ཆེན་དང་དོ་སྣང་བླ་མེད་བྱས།
《ལུག་མིག་མེ་ཏོག་དང་རལ་གྲི》ཞེས་པའི་བརྩམས་ཆོས་འདིའི་ལོ་རྒྱུས་རྒྱབ་ལྗོངས་ནི། 1944ལོའི་འཛམ་གླིང་དམག་ཆེན་ཐེངས་གཉིས་པ་མཇུག་བསྒྲིལ་མཚམས་སུ། འཇར་མན་དང་འཇར་པན་སོགས་ཧྥ་ཤི་སིའི་རྒྱལ་ཁབ་ཕམ་པའི་གནས་ཚུལ་གཏན་འཁེལ་བྱས་པ་དང་། ཨ་རིས་དམག་འཁྲུག་མཇུག་བསྒྲིལ་རྗེས་འཇར་མན་དང་འཇར་པན་ལ་གཅུན་འདོམས་ཀྱི་སྲིད་ཇུས་གཏན་འབེབས་གང་མགྱོགས་བྱ་རྩིས་ཡོད། འོན་ཀྱང་། ཨ་རི་ལ་མཚོན་ནས་བཤད་ན་འཇར་པན་ནི་གཡུལ་སའི་སྟེང་གི་འགྲན་ཡ་གལ་ཆེན་ཡིན་པ་དང་། དེའི་ལོ་རྒྱུས་རིག་གནས་དང་སྤྱི་ཚོགས་སོགས་ལ་རྒྱུས་ལོན་མེད་པ་རེད། དེས་ན་དམག་འཁྲུག་རྗེས་ཀྱི་ཨ་རི་བས་སྲིད་ཇུས་ཅི་འདྲ་ཞིག་ལག་བསྟར་བྱས་ན་ད་གཟོད་ཨ་རིའི་ཁེ་ཕན་དང་ཡོངས་སུ་མཐུན་ནམ། ཡང་ན་གང་འདྲ་བྱེད་ཚེ་བདེ་བླག་ངང་དམག་འཁྲུག་རྗེས་ཀྱི་བྱ་བ་ལེགས་འགྲུབ་ཡོང་ངམ། གནད་དོན་དེའི་ཕྱིར་ཨ་རིས་སྐུལ་སློང་བྱས་ཏེ་ཕྱོགས་སོ་སོའི་མཁས་པས་ནུས་ཤུགས་ཡོད་རྒུས་འཇར་པན་ལ་ཞིབ་འཇུག་བྱེད་འགོ་བརྩམས། རྩོམ་པ་པོ་ཡིས་གནས་བབ་འདི་འདྲའི་འོག་མིའི་རིགས་རིག་པའི་ངོས་ཐད་ནས་འཇར་པན་ལ་བརྟག་དཔྱད་ཞིབ་འཇུག་བགྱིས་ཤིང་། ལོ་གཉིས་ཀྱི་རྗེས་སུ་བརྟག་དཔྱད་ཞིབ་འཇུག་གི་དཔྱད་འབྲས་སྙན་ཞུ་ཕུལ། དེའི་རྗེས་རྩོམ་པ་པོས་སྔོན་གྱི་ནང་དོན་ལ་ཁ་གསབ་དང་བསྐྱར་ཞུ་འགའ་ཞུས་རྗེས་པར་དུ་བསྐྲུན། དེབ་འདིས་འཇར་པན་དང་འཛམ་གླིང་གི་ཁྱོན་དུ་གྲག་འགུལ་ཆེན་པོ་བཟོས་ཤིང་། འཇར་པན་པར་ཞིབ་འཇུག་བྱེད་པའི་དཔྱད་གཞི་རྩ་ཆེན་དུ་གྱུར།
དེབ་འདིར་འཇར་པན་མི་རིགས་ཀྱི་རིག་གནས་དང་རང་གཤིས་ནི་རྙོག་འཛིང་ལྡན་ཞིང་འགལ་བའི་རང་བཞིན་ཅན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་གནད་དུ་བཟུང་ནས་གཙོ་ཆེར་བརྗོད་ཡོད།
རལ་གྲི་ནི་འཇར་པན་གྱི་གྲི་ཐོགས་པའི་མཚོན་བྱེད་ཡིན་ལ་ལུག་མིག་མེ་ཏོག་ནི་གནམ་བསྐོས་གོང་མའི་ཁྱིམ་རྒྱུད་ཀྱི་མཚོན་བྱེད་ཡིན། འཇར་པན་དུ་གནའ་ནས་བཟུང་དུས་ཟིང་གི་སྐབས་སུ་གྲི་ཐོགས་པ་ནི་གཡུལ་འགྱེད་ཀྱི་ཆེད་དུ་སྐྱེས་པ་བཞིན། གཡུལ་ལ་སྤྲོ་ཞིང་འཇུག་ཅིང་དེ་ལས་རྒྱལ་བའམ་རང་སྲོག་བློས་བཏང་པ་ཡིན་ན་དེ་ནི་བླ་མེད་ཀྱི་གཟི་བརྗིད་ཅིག་ཏུ་བརྩི་ཞིང་སྐྱེས་པ་རྣམས་ཀྱི་རིན་ཐང་དང་ལ་རྒྱ་མངོན་བྱེད། མི་ཚེའི་འཚོལ་སྙེག་དང་མིག་དཔེ་ཞིག་ཏུ་བརྩི་བར་བྱེད། གཞན་ཡང་འཇར་པན་མི་རིགས་ལྷིང་འཇགས་ལ་དགའ་ཞིང་གདོད་མའི་ཞིང་གྲོང་གི་འཚོ་བར་མོས། འདུ་འཛིར་སུན་པ་སྟེ། རྒྱན་གོས་དང་རྐང་ལྷམ། འཚམས་འདྲི་ཞུ་སྟངས་དང་ཁ་བརྡ་གློད་སྟངས། ཟ་སྟངས། འདུག་སྟངས། འགྲོ་སྟངས་ཀྱི་ཆ་གང་ནས་ཀྱང་དལ་བའི་རང་བཞིན་ཅན་དང་ཞི་བའི་རང་བཞིན་ཅན། བག་ཕེབས་ལྷིང་འཇགས་ཀྱི་རང་བཞིན་མངོན་ཡོད།
རལ་གྲི་དང་དམག་ཆས། དྲག་སྦྱོར་ལ་བཀུར་བ་སྟེ། གནའ་ནས་བཟུང་དུས་ཟིང་ཆུང་འབྲིང་མང་པོ་བྱུང་མྱོང་བས་མཚོན། གྲི་ཐོགས་པའི་གོ་གནས་དང་དེ་ལ་གདེང་འཇོག་བྱེད་ཚུལ་ལས་ཤེས་ཐུབ། དེ་མིན་འཛུགས་སྐྲུན་དང་རྒྱན་གོས་ཀྱི་ཐོག་ནས་མཛེས་སྡུག་འཚོལ་སྙེག་བྱེད་པ་སྟེ། བུད་མེད་ཚོའི་སྐག་ཚོས་འདྲ་མིན་དང་སྐྲའི་བཅིང་སྟངས། ལྷམ་གྱི་བཟོ་བཀོད། གོས་ཀྱི་རི་མོ། ཁང་པའི་རྒྱན་རིས་སོགས། གཞས་དང་སྙན་ངག་རིག་པ། ཇའི་རིག་གནས་སོགས་ལ་དང་དོད་དང་ལོངས་སྤྱོད་བྱེད་སྟངས་ལས་མངོན་ཡོང་།
ཁོ་ཚོ་རླབས་ཆེ་བའི་ཏ་ཧྭ་མི་རིགས་ཀྱི་རྒྱུན་འཛིན་པ་ཡིན་པའི་གཏམ་སྒྲོག་པར་མོས་ཤིང་དེ་ནི་རླབས་ཆེ་ཞིང་གོང་ན་མེད་པའོ་སྙམ་པའི་འདུ་ཤེས་ལྡན་ཞིང་རིགས་གཞན་ལས་ཁྱད་པར་དུ་འཕགས་པའི་སྣང་བ་ཡང་ལྡན། ཡང་འཇར་པན་ནི་འཛམ་གླིང་གི་གུས་ལུགས་ལྡན་པའི་རྒྱལ་ཁབ་གྲགས་ཅན་གྱི་གྲས་ཡིན་ཏེ། དགེ་རྒན་དང་རྒན་རབས་ལ་གུས་སྟངས། གཏན་ནས་ངོ་མི་ཤེས་པའི་མིའི་བར་དུ་ཡང་ཚད་མཐོ་བའི་གུས་ལུགས་ཀྱི་རྣམ་འགྱུར་ལྡན་པའོ།།
འཇར་པན་པའི་རང་གཤིས་ཀྱི་སྟེང་ན་བརྟན་བརླིང་གི་ཆ་ཡོད་པའང་མངོན་སུམ་ཡིན་ཏེ། དཔེར་ན་དུས་རབས་སྔོན་མའི་ནང་འཇར་པན་གྱི་གྲི་ཐོགས་པའམ་དཔའ་རྟུལ་ལམ་ལུགས་དོར་ཏེ་ཕྱོགས་ཡོངས་ནས་དེང་རབས་ཅན་སྙེག་པའི་སྐབས་སུ་དཔའ་རྟུལ་ལམ་ལུགས་མི་འདོར་བར་མཐའ་གཅིག་ཏུ་ལམ་ལུགས་དེར་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་ཕྱོགས་ཁག་བྱུང་ཞིང་། མཇུག་མཐར་ཆབ་སྲིད་ཀྱི་དབང་གིས་གཡུལ་འགྱེད་བྱུང་ནས་ཚེ་སྲོག་བློས་བཏང་བའོ།། དེ་བརྗོད་བྱ་བྱས་པའི་གློག་བརྙན་གྲགས་ཅན《ཆེས་མཐའ་མཇུག་གི་དཔའ་རྟུལ།(最后的武士)》ལས་ཀྱང་ཤེས་ཐུབ།
སྐྱེན་པོ་ཡིན་ཟེར་དོན་ནི་དཀའ་ཁག་དང་ཕམ་ཁ་བྱུང་རྗེས་མྱུར་དུ་ནོར་འཁྲུལ་ལ་ཕྱིར་རྟོག་དང་ཡོ་བསྲང་བྱས་ཏེ་གོང་འཕེལ་དང་བསྐྱར་གསོན་བྱེད་ཐུབ་པའོ།། “མུ་ཏིག་ནག་པོའི་གྲུ”ཡི་དོན་རྐྱེན་ནས་འཇར་པན་བཀས་བཀོད་རྒྱུན་འཛིན་གྱི་རྒྱལ་ཁབ་ཅིག་ནས་མྱུར་བར་དེང་རབས་ཅན་ལ་ཕྱོགས་ཤིང་ཨ་རིའི་སྔོན་ཐོན་ལག་རྩལ་དང་། སྲིད་དོན་དམག་ཇུས་སོགས་ལ་སློབ་སྦྱོང་བྱས་ཏེ་བློ་ཡུལ་ལས་འདས་པའི་འགྱུར་བ་བྱུང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཕམ་ཁ་བྱུང་རྗེས་ཀྱང་མྱུར་བར་དཔལ་འབྱོར་དང་ཚན་རྩལ། སྲིད་དོན་སོགས་ཀྱི་ཐད་སླར་གསོ་དང་འགྱུར་བཅོས་བྱུང་ཞིང་། དུས་ཐུང་ནང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཏུ་གྱུར། གཞན་གྱི་ཡོན་ཏན་བསྡུ་ཐུབ་ལ་གཞན་ལ་སློབ་སྦྱོང་བྱེད་མཁས་པའི་སྐྱེན་པོ་གྲུང་པོ་ཞིག་ཅི་ལ་མིན།
འཇར་པན་པ་ལ་མཚོན་ན་གནམ་བསྐོས་གོང་མ་ནི་ཆེས་བླ་ན་མེད་པའི་དབུ་འདྲེན་ཡིན་ཞིང་། དེའི་བཀའ་ནི་གོང་ན་མེད་པ་དང་གཙུག་ཏུ་བཀུར་དགོས་པ་ཞིག་ཡིན་ཞིང་། དེའི་དོན་དུ་ཚེ་སྲོག་འབུལ་བ་དང་གཡུལ་འཁྲུག་འཐབ་འཛིང་བྱེད་པ་ལ་ཅི་མི་སྙམ། དེ་ནི་གཟི་བརྗིད་དང་ལ་རྒྱ། རྩིས་ཐང་ངོ་།། འཁྲུག་ཆེན་གཉིས་པའི་རྗེས་སུ་ཡང་གནམ་བསྐོས་གོང་མའི་བཀའ་བབས་པར་བརྟེན་འཇར་པན་པས་ཆེས་མཇུག་མཐའི་སྲོག་བསྡོས་མ་བྱས་པར་མགོ་འདོགས་བྱས། དེའི་རྗེས་སུ་གནམ་བསྐོས་གོང་མའི་ལམ་ལུགས་སྔར་བཞིན་མ་དོར་བ་དང་རྒྱུན་འཛིན་གནང་བ་དེས་བློ་དཀར་གྱི་ཚད་ག་ཙམ་མཚོན་པ་ཤེས་ཐུབ། ངོ་ལོག་བྱེད་མཁན་ཡང་ཡིན་ཟེར་དོན་ནི་དུས་རབས་བཅུ་བདུན་བཅོ་བརྒྱད་དུ་འཇར་པན་པར་ཁྱིམ་རྒྱུད་ཆེན་པོ་དག་གི་བར་དུ་འཁྲུག་རྩོད་ཆེ་ཞིང་མཚམས་ལན་རེར་གཡོག་འཁོར་གྱིས་རང་གི་བདག་པོ་གཡོ་འཚོང་དང་ངོ་ལོག་བྱེད་པ་ཡོད་ལ། དཔེ་མཚོན་ཞིག་ལ་གློག་བརྙན་མཁན་པོ་ཧེ་ཙི་མིང(黑泽明)གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན《འཁྲུག(乱)》ཞེས་པར་དབང་ཆའི་རོལ་རྩེད་ཁྲོད་ནས་ཕ་བུའི་ངོ་ལོག་དང་རྒྱབ་འགལ་གྱི་སྐྱོ་གར་བརྗོད་ཡོད་པ་དེ་ལས་ཀྱང་རྟོགས་ཐུབ་བོ།།
སྔ་མའི་དོན་ནི་གྲི་ཐོགས་པའི་ལུགས་སུ་ཕམ་ཁ་བྱུང་ན་ཕོ་བ་འཕྲེད་དུ་གཤགས་དགོས་པ་དང་གཤགས་པར་ཕོད་པ། དེའི་འགྲན་རྩོད་དང་ལེན་བྱེད་ཕོད་པ་སྟེ། བློར་མི་ཤོང་བའི་སྲོལ་མཆིས་ཤིང་དེ་ལག་བསྟར་ཐུབ་པ་དང་། ཕྱི་མའི་ནང་དོན་ནི་འཇར་པན་དུ་ངོ་ཚའི་རིག་གནས་ཤིན་ཏུ་དར་བ་སྟེ། ཕམ་ཁ་བྱུང་བ་དང་གཡུལ་ལས་བྲོས་པ། (འཁྲུག་ཆེན་གཉིས་པའི་དུས་སུ་སྡོམ་རྩིས་བྱས་པ་ལྟར་ན་འཇར་པན་པར་ཕམ་དམག་ཉུང་ཞིང་མང་ཆེ་བས་རང་སྲོག་དོར་བ)ཕ་རོལ་པོའི་ཕམ་དམག་བྱས་པ་ནི་ཤིན་ཏུ་ངོ་ཚ་དགོས་པའི་གནས་ཤིག་ཏུ་འདོད་ཅིང་། གལ་ཏེ་དེའི་ཕྱོགས་ནས་གཞན་གྱིས་སྐྱོན་བརྗོད་མཚང་འབྲུ་བྱས་ན་དེ་ནི་ཆེས་བཟོད་མི་ཐུབ་པ་དང་ཆེས་གནོད་པའི་དམའ་འབེབས་ཁྱད་གསོད་ཡིན། དེ་བས་དེ་ལ་དང་ལེན་གདོང་ལེན་བྱེད་པའི་སྙིང་སྟོབས་ཉག་ཕྲ་བའི་ཆ་ནས་བརྗོད་པའོ།།
མགོ་མཁྲེགས་ཡིན་ཟེར་དོན་ནི་གནམ་བསྐོས་གོང་མའི་ལམ་ལུགས་མུ་མཐུད་སོར་བཞག་དང་རྒྱུན་འཛིན་གྱིས་དེའི་བླ་ན་མཐོ་བའི་གོ་གནས་མཚོན་པར་བྱེད་པའི་རིགས་སོགས་ལ་ཟེར་བ་ཡིན་ཞིང་། བྱ་དངོས་གསར་བ་དང་ལེན་བྱེད་ཚུལ་ནི་མིན་ཀྲི་ཁྲི་ལོའི་གསར་བརྗེ་དང་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་ནུབ་ཕྱོགས་ལ་སློབ་སྦྱོང་གང་ལེགས་བྱེད་ཐུབ་ཅིང་ལེགས་འགྲུབ་བྱུང་བའི་ཐད་ནས་ལབ་པའོ།།
རྩོམ་པ་པོས་འཇར་པན་གྱི་མི་རིགས་དང་དེའི་གཤིས་ལུགས། རིག་གནས་ལ་བརྟགས་ནས་ཁོ་ཚོས་མགོ་འདོགས་བྱེད་སྲིད་པའི་སྔོན་དཔག་བྱས་པ་མཇུག་མཐར་དངོས་གནས་བདེན་དཔང་བྱུང་བ་དང་། གནམ་བསྐོས་གོང་མའི་ལམ་ལུགས་འདོར་མི་འོས་ཚུལ་གྱི་ལྟ་བ་རྨད་དུ་བྱུང་བ་བཏོན་པའི་འབྲས་བུ་ལེགས་སྨིན་བྱུང་བ་བཅས་ལས་རྩོམ་པ་པོའི་ཤེས་རབ་དང་རྣམ་དཔྱོད་ཀྱི་འོད་ཟེར་མཐོང་ཐུབ་བོ།། ད་དུང་རྩོམ་པ་པོས་ཞིབ་འཇུག་དཔྱད་འབྲས་ཀྱི་དེབ་འདིའི་མིང་ལ་རིག་གཞུང་གི་མིང་སྐམ་ཞིག་མ་བཏགས་པར་འཇར་པན་པའི་ཆེས་ཁྱད་ཆོས་ལྡན་པའི་རང་གཤིས་ཀྱི་ངོས་གཉིས་གནད་འགག་ཏུ་བཟུང་ནས་དེའི་མཚོན་བྱར་གྱུར་པའི་རལ་གྲི་དང་ལུག་མིག་མེ་ཏོག་དེབ་བྱང་དུ་བཏགས་པའང་ཅི་འདྲའི་ཡིད་དུ་འཐད་ཅིང་རྣམ་དཔྱོད་དང་ལྡན་པ་ལའང་། དེ་ནི་མེའི་རང་བཞིན་གྱི་དྲག་རྒོད་ཀྱི་ཆ་དང་ཆུའི་རང་བཞིན་གྱི་ཞི་འཇམ་གྱི་ཆ་ཟུང་དུ་འབྲེལ་བའི་མཛེས་པ་ཞིག་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10