ལས་སྨོན་གྱི་སྒྲུང་།

༼ ལྡེའུ་ནག། ༽        2024-07-24

ལས་དབང་ཆར་གྱི་ཐིགས་པ་ཡིས། །

ང་ཚོའི་ལམ་ཁ་ཟིལ་གྱིས་གནོན། །

འཕྲད་སྙིང་ཇི་ལྟར་འདོད་ན་ཡང་། །

མཐུན་པའི་མེ་ཏོག་བཞད་མི་སྲིད། །

མི་འཕྲད་ཇི་ལྟར་འདོད་ན་ཡང་། །

བར་ཐག་ངང་གིས་རིང་མི་འགྱུར། །

དེ་ནི་ལས་སྨོན་སྟོབས་ཆེན་པོས། །

ཐོག་རེག་བྲལ་བའི་བྱེད་པ་ཞིག །

ལུས་དང་ལུས་ཀྱི་བར་ཐག་ནི། །

རི་ཆུ་བརྒྱ་ཕྲག་དུ་མ་ཡིས། །

ཆོད་པའི་སྣང་ཚུལ་ཡོད་ན་ཡང་། །

སེམས་དང་སེམས་ཀྱི་འདྲེས་མཚམས་ལ། །

གཙང་པོ་ཞིག་གི་སྟེང་འོང་མིན། །

བདག་ནི་དབེན་པའི་ནགས་སུ་གནས། །

རྟུལ་ཞུགས་ངང་ནས་སྐྱོ་བ་སྒོམ། །

ཅི་ཞིག་རེ་སྒུག་བྱས་པ་ལྟར། །

འདས་པའི་ལོ་ཟླ་རྒྱང་ལ་བསྐྱལ། །

ཁུ་སིམ་སྣང་བ་ཡང་ཡང་འཚོལ། །

ཡིན་ཡང་གློ་བུར་ཁྱེད་ཉིད་ཀྱི། །

བརྩེ་བའི་སྐད་དང་དུང་བའི་གླུ། །

རྣ་བས་ཐོས་ཤིང་སྣང་བར་སིམ། །

ཚོར་བ་བདེ་བས་དབང་པོ་འདྲེན། །

སྐབས་དེར་བདག་གི་སྣང་ཚོར་ལ། །

ཁེར་རྐྱང་མིན་པའི་སྣང་བ་སྐྱེས། །

གཞུག་མའི་དུས་ཚོད་ཀྱག་ཀྱོག་ཁྲོད། །

གཏན་དུ་ཁྱོད་ཞལ་འཛུམ་པདྨ། །

བདག་གི་བརྩེ་བའི་རྒྱལ་ཁབ་ཏུ། །

མཛེས་ཆོས་ངང་དུ་ཡལ་མེད་ཤོག །

བརྩེ་བའི་རང་ཞལ་མ་མཐོང་བའི། །

དུས་ཚོད་མང་ཙམ་རྒྱང་ལ་བཞག། །

ཡིན་ཡང་ཁྱོད་ཀྱི་འདང་བརྩེའི་མཚོ། །

ཁམ་གང་འཐུང་བའི་བཟི་ཁ་དེས། །

བརྩེ་བའི་གཏིང་མཐའ་དཔོག་བྱུང་ངོ་། །

ལས་ཀྱི་བག་ཆགས་སད་བྱུང་ངོ་། །

ཞེ་འདང་ཚོན་ཁ་བསྒྱུར་བའི་མི། །

རྨི་ལམ་ན་ཡང་ཡིད་ལ་འཁོར། །

མཚན་མོ་གཉིད་ཀྱི་ལྷིང་འཇགས་ནང་། །

འཇའ་ཚོན་ཁུར་བའི་ལྷ་མོ་ཡིན། །

འཁོར་བ་སྒྱུ་མའི་ནགས་ཚལ་ཁྲོད། །

ཁྱེད་ཀྱི་ཕྱག་དང་སོར་མོ་ཡིས། །

རྣོ་སྦྲེང་དཀྲོལ་བའི་སྙན་པ་ལ། །

རྗེས་ཆགས་སྣང་བ་གྲོལ་བའི་མི། །

བདག་གི་སྣང་བའི་ཕོ་བྲང་དུ། །

ཁྱེད་ནི་པི་ཝང་ཐོགས་པ་ཡི། །

ཚེ་རབས་གཅིག་གི་གཞས་མ་ཡིན། །

ས་སྲོད་གཙང་པོའི་རབ་ཁ་ནས། །

ཞིབ་དཔྱོད་ཚིག་གི་སྒྱུ་རྩལ་གྱིས། །

དྲན་པའི་འདམ་དུ་ངང་ཚུད་པའི། །

ཁྲུང་ཁྲུང་གཉིས་ཀྱི་ལས་དབང་བྲིས། །

ལྷིང་འཇགས་ལྡན་པའི་ནམ་མཁའ་རུ། །

ཁྲུང་ཁྲུང་དེ་ནི་ཁྱེད་དང་ང་། །

མ་འོངས་གཙང་པོའི་རབ་ཁ་དེར། །

འཕུར་ཚུལ་ཇི་ལྟར་ཁྱེད་ཀྱིས་ཤེས། །

རྣམ་ཤེས་ཚོགས་དྲུག་རྒྱུ་བའི་ཁྲོད། །

ཁྱོད་ཉིད་བདག་སེམས་གྲིབ་མ་ཡིན། །

དབེན་པ་ཡིད་ཀྱིས་འཚོལ་བའི་ཚེ། །

ཞེ་འདང་ཟབ་སའི་གནས་མལ་ཡིན། །

ལས་སྨོན་རྟེན་འབྲེལ་འགྲིག་ཙ་ན། །

མི་སྨྲའི་རྟུལ་ཞུགས་འཆང་ན་ཡང་། །

སྙིང་གི་དཀྱིལ་དུ་གང་ཞིག་ནི། །

ལྷིང་འཇགས་དཀྲོག་པའི་ཕོ་ཉ་བཞིན། །

དྲན་པའི་སྒོ་མོ་རྡུང་བར་བྱེད། །

རྟག་བརྟན་ཁྲེལ་གཞུང་ལྗོན་པ་ལས། །

བརྩེ་བའི་ཟིལ་བ་ངང་གིས་འཐོར། །

ཕན་ཚུན་ཡིད་ཆེས་ཐོབ་པའི་ཆེད། །

ཡང་ན་བརྩེ་བ་བརླིང་བའི་ཕྱིར། །

ཉིན་བཞིན་སྲོད་ཀྱི་མཚན་མོ་ནས། །

སྒྱུ་རྩལ་ལྡན་པའི་གཏམ་གླེང་བྱས། །

དུས་འདི་མ་འོངས་ཕྱིར་དྲན་ཡིན། །

སྐྱེ་བ་གཅིག་གི་བྱུང་རིམ་ཡིན། །

མི་ཚེ་གཅིག་གི་གཏམ་རྒྱུད་ཡིན། །

ཐུག་འཕྲད་གཅིག་གི་སྔོན་འགྲོ་ཡིན། །

ལས་དབང་ཞིག་གི་རྗེས་འབྲེལ་ཡིན། །

རྣམ་རྟོག་ཅིག་གི་འཆར་སྒོ་ཡིན། །

ཚོར་བ་ཞིག་གི་གཞིས་ཀ་ཡིན། །

ཁྱོད་ཀྱི་ཞེ་འདང་ཆང་དཀར་མ། །

ཟླ་བའི་འོག་ནས་ཁེར་འཐུང་བྱས། །

བཟི་བའི་འཁྱལ་གཏམ་རེ་རེ་ནི། །

ཁྲེལ་གཞུང་ཟབ་པའི་བརྡ་ཆད་དོ། །

སྤྱིར་ན་འཇིག་རྟེན་རབ་རིབ་ཁྲོད། །

ཇི་ལྟར་ཡུན་རིང་འདྲིས་ལགས་ན། །

དེ་ཙམ་འགྱུར་བ་ངང་གིས་མཐོང་། །

ཡིན་ཡང་བདག་ནི་ཤོག་བྱ་བཞིན། །

ཁྱོད་ཀྱི་ཕྱོགས་སུ་ངང་གིས་འཕུར། །

བདག་གི་ཚེ་རབས་མོག་པོའི་ཀློང་། །

ཁྱོད་ཀྱི་བརྩེ་བའི་ཉི་འོད་འཕྲོས། །

ཉི་ཟེར་རེ་རེའི་གཡས་གཡོན་དུ། །

ཞེ་འདང་དྲན་པ་རེ་རེ་འཁོར། །

ཚོར་བའི་ཆར་རྣམས་བབས་པའི་རྗེས། །

དྲན་པའི་གདུང་བ་མ་བཟོད་ནས། །

སྙན་ངག་གཅིག་གི་ཆོ་ག་ལ། །

ལུས་ངག་སྦྱོར་བ་མང་དུ་བརྩམས། །

རླུང་སེམས་འགྱུ་བའི་ཆོས་ཉིད་ནི། །

ཡིད་ཀྱི་ལྕགས་ཀྱུས་བཟུང་ནས་སུ། །

རིག་པ་རྩེ་གཅིག་སྒྲིམ་པའི་པིར། །

ལག་གིས་ཐོགས་ཤིང་ངག་ཀྱང་འདར། །

འདར་འདར་ངང་ནས་སྣང་བའི་ངོགས། །

དོན་དམ་བརྩེ་བའི་ནམ་མཁའ་བྲིས། །

ནམ་མཁའི་ནང་གི་སྤྲིན་པ་བྲིས། །

སྤྲིན་པ་དཀར་སེར་དམར་ལྗང་བྲིས། །

སྤྲིན་པ་ཆར་དུ་གྱུར་ཚུལ་བྲིས། །

ཆར་ཐིགས་སེམས་སུ་ལྷུང་ཚུལ་བྲིས། །

དེའི་རྗེས་སིམ་པ་ཐོབ་ཚུལ་བྲིས། །

དེ་ལྟའི་བརྩེ་བའི་ནམ་མཁའ་ནི། །

གཞན་དག་བརྩེ་བའི་ནམ་མཁའ་ལས། །

ཤིན་ཏུ་གསལ་ཞིང་ཁ་དོག་ལྡན། །

ཡིད་ཀྱི་བརྟན་པ་ཅིག་ཆར་འཕྲོག །

ནམ་ཟླ་དབྱར་ཁ་ཞོགས་པའི་རྗེས། །

ལས་སྨོན་གཙང་པོ་ཤུགས་ཀྱིས་བཞུར། །

རི་དང་ནགས་ཀྱིས་མ་ཁོག་པར། །

ང་ཡི་འཚོ་བའི་གཞིས་སུ་བབས། །

གཙང་པོའི་རབ་ཁར་སྐྱེས་པ་ཡི། །

མེ་ཏོག་ཟིལ་བ་ངང་གིས་འཐོར། །

དེ་ལ་རྗེས་ཆགས་སྣང་བའི་གཤིས། །

བྱ་ཁྱུ་བཞིན་དུ་ཤུགས་ཀྱིས་འཕུར། །

ཁྱོད་ཀྱི་བརྩེ་བ་གཙང་པོའི་རླབས། །

བདག་གི་མིག་ལ་དགའ་སྟོན་འབྱེད། །

ཚུལ་བཞིན་སྨྲ་བར་མི་ནུས་པའི། །

མཛེས་པ་དེ་ནི་མཐའ་ལས་འདས། །

ལྕང་མའི་ལོ་མ་འཐོར་ཐེངས་རེར། །

སེམས་ཀྱི་འཛིན་པ་ངང་གིས་གཡོ། །

ཐུར་དུ་དཔྱངས་པའི་ཡལ་ག་ཡིས། །

ཁྱོད་ཀྱི་རང་བཞིན་དྲན་པར་བྱས། །

ཆར་རྗེས་ཞོགས་པའི་དུས་ཚོད་ནས། །

ང་ཡིས་ཁྱོད་ལ་གླིང་བུ་བུས། །

ནང་གི་སེམས་ཉིད་འདར་བའི་ཚུལ། །

སྨུག་པ་ཞིག་གི་རྗེས་འགྲོ་མིན། །

བདག་གི་སྣང་བའི་མེ་ལོང་དུ། །

ཁྱོད་རང་དཔྱིད་དཔལ་ལྡན་པའི་མི། །

རྩུབ་མོའི་གཤིས་ཀ་དང་བྲལ་ནས། །

འཇམ་པའི་སྤུ་རྣམས་རབ་ཏུ་བྱིངས། །

སྐྱིད་སྡུག་སྒྱུ་མའི་འཁོར་ལོ་ལ། །

སུས་ཀྱང་ཚད་དུ་འཇལ་ཐབས་ཅི། །

ཡིན་ཡང་བདག་གི་བརྩེ་བའི་ཕྱག །

རིང་དུ་བརྐྱངས་ཏེ་ཁྱོད་ཉིད་ལ། །

དགའ་བའི་མེ་ཏོག་འཐུ་ཡང་ཆོག །

ལྷག་བསམ་འཇའ་ཚོན་འཛིན་ཡང་ཆོག །

མཐུན་པའི་གཙང་པོ་འཁྲིད་ཀྱང་ཆོག །

སྙན་པའི་གླིང་བུ་འབུད་ཀྱང་ཆོག །

འཆར་ཡན་རྟོག་ཚོགས་གླེང་ཡང་ཆོག །

གང་ལྟར་ཁྱོད་རང་མཉེས་པ་ཀུན། །

འཇིག་རྟེན་བྱེ་ཐང་བརྒལ་དགོས་ཀྱང་། །

ངལ་བའི་སེམས་དང་སུན་པའི་ཆ། །

དཀའ་བའི་ཉམས་དང་སྐྱོ་བའི་གཤིས། །

ཅི་ཡང་མེད་པའི་མདངས་དེ་ཡིས། །

བུམ་པའི་ནང་གི་མེ་ཏོག་བཞིན། །

ཉིན་དང་མཚན་མོ་དབྱེར་མེད་པར། །

འཇམ་མཉེན་ལྡན་པའི་ཚུལ་དེ་ཡིས། །

བརྩེ་བའི་ཟིལ་བ་འཐོར་ཡང་ཆོག །

བདག་ནི་ཡིད་མྱོས་རྐང་དྲུག་བཞིན། །

མེ་ཏོག་ལ་ཆགས་གཉུག་མའི་གཤིས། །

ཇི་ལྟར་ངལ་དུབ་སྲ་མཁྲེགས་ཀྱང་། །

དེ་ཙམ་ཞེ་འདང་སྤྲིན་དཀར་གཡོ། །

བདག་ནི་དགའ་སྐྱོའི་འདུ་འཕྲོད་ཀྱི། །

ས་གཞི་ཞིག་གམ་བྱེ་ཐང་ཞིག །

ཁྱོད་ཀྱི་རྔ་ཡབ་བསིལ་བའི་ཆར། །

ཐོག་ཏུ་ལྷུངས་རྗེས་བདག་ལ་སིམ། །

དེ་ལས་འགྱུར་ལྡོག་མེད་པ་ཡི། །

ཞེ་འདང་མེ་ཏོག་རྣམ་པར་བཀྲ། །

མེ་ཏོག་རེ་རེའི་མཛེས་སྡུག་གིས། །

ཡིད་ཀྱི་བརྟན་པ་ངང་གིས་འཕྲོག །

འཁོར་བ་སྒྱུ་མའི་གྲོག་མཁར་ནས། །

རྟེན་འབྱུང་ཟླ་བ་མཐོང་ཕྱིར་དུ། །

ལོ་ཟླའི་དུས་ཚིགས་མང་ཆེ་བ། །

རྣམ་གཡེང་ལྟ་བུའི་ཚུལ་དེའི་ངང་། །

བསྐྱལ་བའི་ཚད་ནི་དཔག་ཏུ་མེད། །

འོན་ཀྱང་རྟེན་འབྱུང་སྒྱུ་མའི་གཤིས། །

ངེད་དང་བར་ཐག་ཤིན་ཏུ་རིང་། །

དེ་བས་འཁོར་བ་ནགས་ཀྱི་འོབས། །

འཚོ་བ་གསར་བའི་དབུ་ཁྱུད་ལ། །

ཞེ་འདང་མཉམ་དུ་གཏད་ལགས་སམ། །

སྐྱིད་སྡུག་གྱ་གྱུའི་རི་མོ་རྣམས། །

ཤིན་ཏུ་ཁུར་གྱིས་མི་འདེགས་པར། །

རེས་སྐྱིད་རེས་སྡུག་འདྲ་བའི་ཁྲོད། །

མི་ཚེ་ལྷན་དུ་བསྐྱལ་གྱུར་ན། །

འདི་ལས་བརྒལ་བའི་འཇིག་རྟེན་དུ། །

བདེ་སྐྱིད་ལས་ཀྱི་ཉི་འོད་མདངས། །

མཐོང་བའི་ཡིད་ཆེས་ཨེ་ཡོད་དམ། །

དེ་ཚེ་དཔྱིད་དཔལ་ལྡན་པའི་ཁྱོད། །

བདག་ལ་མཚོན་ན་མེ་ཏོག་ཡིན། །

ཇི་ལྟར་བཀས་བཀོད་རི་མོ་ལྟར། །

དེ་བཞིན་བདག་ཉིད་འཇུག་པ་ལས། །

ཁྱོད་ཀྱིས་བཞག་པའི་དམ་བཅའ་ལས། །

ནམ་ཡང་འདའ་བ་ཉིད་ནུས་མིན། །

འདི་ནི་ལས་སྨོན་གཙང་པོ་རུ། །

ཁྲུས་ལ་ཞུགས་པའི་གོ་རིམ་ཡིན། །

གཡོ་ལྡན་སེམས་ཀྱི་བུང་བ་ཀུན། །

སྔར་ནས་མི་སྡོད་བྲེལ་བྲེལ་ངང་། །

ཁྱེད་ཀྱི་སྐྱེད་ཚལ་ཡངས་མོ་རུ། །

མེ་ཏོག་ལ་ཆགས་འཕུར་བའི་གཤིས། །

དཔེ་མཚོན་ཞིག་གིས་ར་སྤྲོད་མིན། །

མགྲིན་པའི་ཀློང་ནས་སྨྲ་ནུས་མིན། །

ན་ཚོད་རྒུད་པའི་དུས་ཚིགས་ཁྲོད། །

སྐྱོ་སྣང་གླིང་བུ་ངས་མི་འབུད། །

ལྟོས་བཅས་འཚོ་བའི་བདེན་པ་ལ། །

གོམས་པའི་སྣང་བ་ཇེ་ཉེར་གཏོང་། །

ཚེ་འདིའི་རྨི་ལམ་ཐུན་གཅིག་གི །

མ་འོངས་པ་ཡི་དུས་ཚོད་ནང་། །

འཆི་བའི་སྤྲིན་ནག་མ་འཁྲིགས་ན། །

ཡིད་འོང་ལྡན་པ་ཁྱོད་དང་ལྷན། །

མིག་འཁྲུལ་འཁོར་བ་ནགས་ཀྱི་ཚལ། །

ལས་སྨོན་རྟེན་འབྲེལ་འགྲིག་པ་ཡི། །

བརྩེ་བ་ཆེན་པོས་བཀྲ་ཤིས་ཤོག །

  • ལེ་ཚན་སྔོན་མ།:ཁྱོད་རང་ཉལ་ཁར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།