ཁྱིམ་ཚང་དཀྱུས་མ་ཞིག་གི་རྩོམ་འབྲི་བ།

ཆོས་འབྱོར་རྒྱ་མཚོ།        2024-07-31

      "ང་ནི་མི་ཕལ་བ་ཞིག་ཡིན། ཡིན་ནའང་། ང་ཁོམ་སྐབས་སུ་བོད་ཡིག་འབྲི་མཁན་ཞིག་ཡིན། ནམ་ཞིག། ང་རང་ནར་སོན་པ་དང་བསྟུན་རང་ཉིད་ལ་དབང་བའི་རྩོམ་རིག་ཁག་ཅིག་ཡོད་ན་སྙམ།"འདི་ངས་བཤད་པ་ཡིན། ཚེ་རིང་གིས་འོ་ཇ་བླུགས་ཡོད་པའི་ཇ་ཕོར་མཆུ་དང་ཐག་ཉེ་རུ་སྦྱར་ཏེ་ཧུ་ཧུ་ལན་གསུམ་བྱས་རྗེས། འོ་ཇ་ཧུབ་གཅིག་འཐུང་ཞིང་། འོ་ཇ་ཧུབ་གཅིག་བཏུང་རྗེས་འོ་ཇ་དེ་དལ་གྱིས་སྒྲོག་ཙེའི་སྟེང་དུ་བཞག་སྟེ། "ཁྱོད་ལ་གོ་རྒྱུ་ཞིག་མི་འདུག། ཡིག་ནོར་ཏག་ཏག" བཤད་པ་འདི་བདེན་པ་བདེན་དྲང་ཡིན་ཕྱིར། "ཡིག་ནོར་དངོས་གནས་ཤོར་འགྲོ་ཨུ། ཁྱོད་ཀྱིས་དག་བཅོས་བྱ་རོགས་ཨེ་བྱེད།" "ཁོམ་ལོང་མེད། ངས་སྔོན་ཆད་རྩོམ་མང་པོ་བྲིས་མྱོང་། ད་ལྟ་རྩོམ་ཡིག་དེ་དག་ལ་ཕྱིར་བལྟས་བྱེད་དུས་རིན་ཐང་མི་འདུག། ཁྱོད་རང་ནམ་ཞིག་རྩོམ་ཡིག་བྲིས་པ་ལ་འགྱོད་ངེས།" བདེན་ནམ།ནམ་ཞིག་རང་ཉིད་ཀྱིས་ཡུན་རིང་ལ་བྲིས་པའི་རྩོམ་ཡིག་ལ་ཞེན་ལོག་དང་སུན་སྣང་འབྱུང་སྲིད་དམ། ད་ཅི་ཚེ་རིང་གིས་བཤད་པ་བདེན་མཆིས་ན། ངས་སྡུག་ཐང་ན་ཡོད་པ་རུམ་ལ་བླངས་པ་མིན་ནམ་སྙམ། འོན་ཀྱང་ངའི་དགེ་རྒན་གྱིས " རྩོམ་པ་པོ་ཞིག་ལ་ཡིད་ཆེས་ཡོད། རྩོམ་ཡིག་འབྲི་མཚམས་མ་འཇོག་་་་་" ཅེས་རེ་བསྐུལ་བྱས་པ་དགེ་རྒན་དང་རྒྱང་རིང་བའི་ཡུལ་ཕྱོགས་འདི་ནས་དྲན་བྱུང་། ཚེ་རིང་གིས་འོ་ཇ་ཡིད་ཚིམ་ཞིག་བཏུང་རྗེས། " ད་བདེ་མོ་བྱོས། ང་རང་གི་སྡོད་གནས་སུ་འགྲོ་རྒྱུ་ཡིན།" ཞེས་འགྲོ་ཚུལ་བྱས་ཤིང་། དཔེ་ཆ་སྐོར་ཞིག་ཡོད་པ་དཔེ་ཁུག་གི་ནང་དུ་བཅུག་པ་ན། སྐབས་དེར་ངས་ཚེ་རིང་ལ་རྩོམ་ཡིག་ལ་ཧུར་ཐག་འབད་བརྩོན་བྱས་ན་ཡིག་ནོར་མེད་པའི་རྩོམ་ཡིག་སྤུས་གཙང་ཞིག་འབྲི་ཐུབ་པའི་ཉིན་མོ་འབྱུང་རྒྱུ་ཡོད་སྲིད་ངེས་པ་བཤད་འདོད་ཡིད་ལ་བྱུང་རུང་ཁ་སྒོ་ནས་གཏམ་དེ་མ་བུད་པར་མ་བཤད་པའི་གྲལ་དུ་སོང་། ཕྱིས་སུ། ཚེ་རིང་གིས་བཤད་པ་དེས་ང་ལ་ཅི་བྱ་མེད་པར་གྱུར་ཏེ། ངས་ཟླ་ཕྱེད་ལ་ཚིགས་བཅད་ཤོ་ལོ་ཀ་གཅིག་དང་ཉིན་ཐོ་ཉུང་ངུ་ཞིག། དེ་མ་ཟད་ནམ་རྒྱུན་འབྲི་སྙིང་སྤྲོ་བའི་ལྷུག་རྩོམ་དོད་ཙམ་ཞིག་ཀྱང་མ་བྲིས་ཏེ་ཟླ་ཕྱེད་ནས་ཟླ་གཅིག་ལ་ཉིན་གསུམ་བཞི་ཕྱིན་ན་ཟླ་གཅིག་ཚེས་པའི་མཚམས་སུ་ཐོན། ང་རང་ཁོམ་ལོང་མེད་པར་ཁ་པར་འཆར་ངོས་སུ་དྲྭ་ཉུག་བྱེད་ཀྱིན་ཡོད་ཅིང་། གློ་བུར་དུ་ངའི་ཡིད་དུ་ངའི་དགེ་རྒན་གྱིས་བྲིས་པའི་ལྷ་མོ་དབྱངས་ཅན་མ་བསྟོད་པའི་སྙན་ཚིག་དེ་དྲན་ཞིང་། ངས་དེ་ཉིད་བཙལ་ནས་ཚར་གཅིག་དལ་གྱིས་བཀླགས་པ་ཡིན། སྙན་ཚིག་དེ་དལ་གྱིས་ལན་གཅིག་བཀླགས་རྗེས། ངའི་སེམས་སུ་ཐག་རིང་ཞིག་ནས་མི་ཞིག་འགྲུལ་བ་ལ་འོང་བ་བཞིན་འདས་དོན་སྐོར་ཞིག་ཐོན་ཞིང་། འདས་དོན་དེ་དག་གི་ཁྲོད་ནས་ངའི་དགེ་རྒན་སྲོལ་རྒྱུན་སྙན་ངག་འབྲི་མཁན་ཕུལ་བྱུང་ཡིན་ཞེས་བཤད་ན་སྦིར་སྐད་རེད་རུང་། སྲོལ་རྒྱུན་སྙན་ངག་པའི་ཁྱུ་མཆོག་ཏུ་འཕགས་པའི་མཁས་གྲུབ་དག་གི་རྗེས་སུ་ཐོན་པའི་དགེ་རྒན་ཆེན་པོ་ཞིག་གིས་ངའི་དགེ་རྒན་གྱི་སྙན་ངག་སྐོར་ཞིག་མཇལ་རྗེས། ངའི་དགེ་རྒན་གྱི་དངོས་མིང་མི་ཤེས་རུང་ངའི་དགེ་རྒན་གྱི་སྙན་ཚིག་ལ་བསྔགས་བརྗོད་བྱས་ཏེ། དགེ་རྒན་ཆེན་པོ་དེ་དང་འབྲེལ་བ་ཡོད་པའི་དྲྭ་གྲོགས་མང་པོ་ཞིག་གིས་རང་རྩོམ་དགེ་རྒན་ཆེན་པོ་དེའི་སྒེར་ལ་བསྐུར་ཏེ། བསྔགས་ཚིག་རེ་ལ་སྒུག་ཅིང་དགེ་རྒན་ཆེན་པོ་དེས་ཅི་ཡང་མ་མཐོང་བའི་རྣམ་འགྱུར་ངོམ་ཞིང་། གྲོགས་ཚོམས་སུ་དགེ་རྒན་ཆེན་པོས་སྙན་ཚིག་འདི་འབྲི་བ་པོ་སུ་ཡིན་ཤེས་མེད། འོན་ཀྱང་སྙན་ངག་ཅེས་རྟག་ཏུ་གྲོང་སྐད་འབྲི་མཁན་དག་གི་རལ་བ་ལ་ཞབས་སེན་འཁོད་པའི་གཞོན་སྐྱེས་འདིའི་སྙན་ཚིག་སྙན་འཇེབས་རྨད་བྱུང་། བདག་གི་ཡིད་ཀྱི་བརྟན་ཆ་འཕྲོག་སོང་། ཞེས་ཡི་གེའི་ལམ་དུ་བྲིས་འདུག། ངས་ངའི་དགེ་རྒན་ལ་དགེ་རྒན་ཆེན་པོ་ཞིག་གིས་བསྔགས་བརྗོད་བྱས་པ་དེ་སྐུར་རུང་། དགེ་རྒན་གྱིས་བཀའ་དྲིན་ཆེ་ཞེས་པའི་མཚོན་དོན་གྱི་རྟགས་ཤིག་བསྐུར་བ་ལས་ཅི་ཡང་མ་བྱུང་། ངས་ཁ་པར་བཞག་ནས་དཔེ་ཆ་ཞིག་གི་ཁ་ཕྱེས་པ་ན་ཏིང་སྒྲ་ཞིག་དང་གློག་འོད་ཅིག་འགུལ་བྱུང་། དེ་ནི་དགེ་རྒན་གྱིས " ཁྱོད་རང་ནམ་ཞིག་རྩོམ་རིག་ལ་བློ་དཀར་བའི་མི་ཞིག་ཏུ་རེ་བ་ཡོད། ཤུགས་རྒྱོབས་་་་་" ཞེས་ཡི་གེའི་ལམ་ནས་བསྐུར་བྱུང་།

ཉིན་འགའ་ཕྱིན་རྗེས།

ང་ཡང་བསྐྱར་ཚེ་རིང་དང་འཕྲད་བྱུང་། ཚེ་རིང་གིས " ཆོས་འབྱོར་མྱི་མུག་ཁ་ཞིག་ཡིན། ཟ་བཏུང་ཞིམ་པོ་ཞིག། ཟས་ཁང་ཞིག་ལས་རོལ་མི་ཐུབ།" "ངས་ངའི་དགེ་རྒན་གྲོ་སང་ལ་སློབ་སྦྱོང་བྱས་པ་ཡིན། ཟ་བཏུང་མ་བྲ་བ་གང་ནས་ཡིན། མིན་ནོ་་་་" སྐད་ཆ་དེས་ཚེ་རིང་ཧབ་ཆའི་ནང་དུ་ཤོར་ཏེ། ཁོའི་གཡས་གཡོན་ན་ཡོད་པའི་ང་དང་ངོ་ཤེས་བྱུང་ནས་ཡུན་རིང་མིན་པའི་གསར་བུ་དེ་གཉིས་ལ་ཚེ་རིང་གིས "གྲོ་སང་ངེད་གཉིས་སློབ་གླིང་གཅིག་ནས་དགེ་རྒན་གཅིག་བྱས་མྱོང་། གྲོ་སང་ཡང་མུག་ཁ་ཞིག་ཡིན། ཧ་ཧ་ཧ་་་་" "གྲོ་སང་མུག་ཁ་ཞིག་གང་ནས་ཡིན། སྙན་ངག་པ་ཞིག་ཏུ་གྱུར་འདུག ད་ལྟ་སློབ་གླིང་དེ་རུ་སུམ་རྟགས་དང་སྙན་ངག་ལ་གྲོ་སང་ལས་མཁས་པ་མི་འདུག་པ་་་་་་"ང་དེ་ལྟར་ཚེ་རིང་ལ་བཤད་རྗེས། ཚེ་རིང་གིས"ཁྱོད་རུས་སྦལ་དང་མཚུངས་པ། ཁྱོད་དང་འུ་གཉིས་སློབ་གླིང་དེ་ནས་ནར་སོན་པ་རེད། གྲོ་སང་རླུང་རྟ་དར་ནས་མཁན་མིང་ཐོབ་པ་ཡིན་པ་མ་བརྗེད།" ཚེ་རིང་གིས་ང་ལ་རུས་སྦལ་ཟེར་དོན་ཅི་ཡིན་ངས་ཡུན་རིང་ཞིག་ལ་འདང་བརྒྱབ་རུང་། ཅི་ཡང་ཤེས་མ་བྱུང་། ཉིན་ཞིག་ངས་རུས་སྦལ་དང་འབྲེལ་བའི་གཏམ་རྒྱུད་ཅིག་དྲན། དེ་ནི་རུས་སྦལ་གྱིས་ནམ་མཁའི་ཆེ་ཆུང་གླེང་བའི་གཏམ་རྒྱུད་མཚར་པོ་དེ་རེད་ལ། ཚེ་རིང་གིས་ངའི་མཐོང་རྒྱ་དང་རྣམ་དཔྱོད་རུས་སྦལ་དང་མཚུངས་པ་ཞིག་རེད་ཅེས་ཁ་གསལ་མི་བྱེད་པར་ཁྱོད་རུས་སྦལ་དང་མཚུངས་ཞེས་ལྐོག་མཚོན་གྱི་ཚིག་མདའ་འཕངས་པ་ཡིན་འདུག། ཕྱིས་སུ་ཉིན་རེ་བཞིན་དུ་དགེ་རྒན་གྱི་སྙན་ངག་སྤྱི་སྟེགས་བཟང་ཤོས་དང་མཆོད་མེ་བོད་ཀྱི་དྲ་བ་སོགས་སུ་བཀོད་པ་ངའི་མཐོང་ལམ་དུ་གྱུར་ཏེ། ང་རང་རྩོམ་ཡིག་དེ་དག་ལ་ཡིད་སྨོན་ཤོར་ནས།ངས་ཉིན་མ་རེ་རེའི་དུས་ཚོད་ཀྱི་ཁོམ་ལོང་མང་ཤོས་དང་བསྟུན་ཏེ་མཛུབ་མོས་བཅད་ལྷུག་སྤེལ་གསུམ་ཡིག་ཟམ་དུ་བྲིས་པ་ཡིན། དལ་གྱིས་ངས་བྲིས་པའི་བཅད་ལྷུག་སྤེལ་གསུམ་གྲོགས་ཚོམས་སུ་སྤེལ་དུས། ངའི་གཡས་གཡོན་དུ་ཚེ་རིང་ལྟ་བུའི་རྒོལ་བ་སྐོར་ཞིག་གིས་ངའི་རྩོམ་ཡིག་ལ་འཕྱ་སྨོད་གང་མང་དང་། བཙོག་ལྟ་ཅི་འདོད་བྱེད་བཞིན་ཡོད་པ་ཞིག་བཤད་མི་ཤེས་པར་རྩོམ་ཡིག་རེ་དང་འབྲེལ་བ་ཆགས་ཡོད་པ་འདྲ། དེ་ལྟར་བཙོག་ལྟ་དང་འཕྱ་སྨོད་ཀྱིས་ང་རང་རང་གི་རྩོམ་ཡིག་ལ་སུན་སྣང་ཞིག་བྱུང་གིན། ལོ་འགའི་སྔོན། ང་རང་དགེ་རྒན་གྲོ་སང་དང་སློབ་གླིང་གཅིག་པའི་སློབ་མ་ཡིན་པའི་སྐབས་སུ་དགེ་རྒན་གྲོ་སང་གིས་བརྡ་སྤྲོད་ཀ་པའི་སློབ་མ་རྣམས་ལ " ཡིག་ནོར་ཤོར་རུང་། རྩོམ་ཡིག་ཕྲིས། རྩོམ་ཡིག་བྲིས་པ་དག་ལ་བསྐྱར་ལྟ་གང་མང་བྱོས། ཡིག་ནོར་མི་ཤོར་བའི་རྩོམ་ཡིག་ཅིག་འབྲི་ཐུབ་པའི་དགེ་རྒན་ཉུང་ཕྱིར། ཁྱོད་ཅག་སློབ་མ་རྣམས་ལས་དང་པོ་ཡིན་ཕྱིར་བཤད་ག་ལ་དགོས། " དགེ་རྒན་གྱི་གསུང་བཤད་དེས་ང་རང་རང་གི་རྩོམ་ཡིག་ལ་སུན་སྣང་མེད་པར་དགའ་གུས་དང་འདང་ཇེ་ཆེ་རུ་གྱུར།

དུང་སྒྲས་འཚོགས་བརྡ་གཏོང་བ་དང་ཆབས་ཅིག " མདུན་གྱི་གཞི་འདི་ཆོས་ཅན། ཤ་ཟ་བསྐལ་དོན་དུ་སོང་བའི་་་་་་་་་་" ཞེས་རྟགས་གསལ་གཏོང་གིན་ཡོད་པའི་རྩོད་ཁང་ནང་གི་ཐལ་ལྕག་གི་སྒྲ་རྩོད་ཁང་དང་གོམ་པ་བརྒྱ་རུ་ཡོད་པའི་ཕྱོགས་ནས་ཧ་ཅང་གསལ་ཐག་ཆོད་པའི་ངང་ནས་ཐོས་བྱུང་། ཚེ་རིང་ངའི་གཞུག་ནས་གཤོག་རྩལ་ལྡན་པའི་བྱ་རྒོད་བཞིན་བསིལ་རླུང་དང་བཅས་སྔུན་ལ་བྲེལ་སྟབས་ཀྱིས་བརྒྱུགས་སོང་། ང་ལ་རྩ་དོན་ཅི་ཡང་མེད་པར་ཚེ་རིང་གི་གཞུག་ལ་བརྒྱུགས་ནས་རྩོད་ཁང་ནང་མགྱོགས་མྱུར་དུ་ཡར་འཛུལ་བ་ན། ཐག་རིང་གི་གྲྭ་ས་ཆེ་ཁག་ནས་བསྡུས་གྲྭ་དང་བློ་རྟགས་ལོ་གསུམ་བཞི་ལ་སྦྱངས་པ་ཆེས་ཆེར་བྱས་པའི་འཛིན་གྲོགས་སྐོར་ཞིག་ཡོད་པ་མཐོང་། ངས་ཐག་རིང་གི་གྲྭ་ས་ཆེ་ཁག་ནས་ཕེབས་པའི་འཛིན་གྲོགས་དག་ལ་དམ་བཅའ་ཇི་ལྟར་བཟུང་རུང་། ཚིག་འབྲུ་མཐའ་རུ་ཕྱིན་པའི་བསྡུས་གྲྭ་བ་ཞིག་ཡིན་ཕྱིར། ཐབས་སྣ་མང་གི་སྒོ་ནས་ངས་དམ་བཅའ་ཇི་ལྟར་བཟུང་རུང་ང་རང་ལན་གཅིག་ལ་རྒྱལ་མ་བྱུང་། ཡིན་ནའང་ངས་ཡུན་རིང་ཞིག་ལ་རྟགས་གསལ་ལ་མཁས་པའི་འཛིན་གྲོགས་བསྡུས་གྲྭ་པ་དག་ལ་དམ་བཅའ་བཟུང་སྟེ། མཉན་གྱིན་མཉན་གྱིན་བསྡུས་གྲྭ་ལ་མཁས་པའི་འཛིན་གྲོགས་དག་གིས་བྱེད་སྒྲ་འབྲེལ་སྒྲ་འཆུག་གིན་ཡོད་པའི་རྟགས་གསལ་གཏོང་གིན་ཡོད་པ་ཇེ་གསལ་དུ་གྱུར་ཏེ། ངས་ཡུན་རིང་ལ་དམ་བཅའ་ཤོར་ཏེ་ངོ་ཚ་ཉོས་པ་མ་བཟོད་དེ། "བདག་མེད་ཀྱིས་ཀ་བ་མ་ཟེར། བདག་མེད་ཀྱི་ཀ་བ་ཞེས་གཏོང་་་་་" ཞེས་བཤད་དེ། འཛིན་གྲོགས་བསྡུས་གྲྭ་པ་དག་གིས་གཡས་གཡོན་དང་ངའི་རྩིབ་ཏུ་ཡོད་པའི་གྲྭ་པ་མང་པོས་ཧབ་ཆ་དང་བཞད་གད་བྱས་སོང་། སྐབས་དེར་ང་རང་རྒྱལ་ཞིང་འཛིན་གྲོགས་བསྡུས་གྲྭ་པ་དག་ཕམ་པའི་བརྡ་ཞིག་ཏུ་ངོམ་པ་གསལ་པོ་རེད། བཞད་གད་དེས་ང་རང་སྙིང་དབུས་ནས་ཅུང་དགའ་པོ་བྱུང་སོང་། རྩོད་ཁང་ནང་གི་གྲྭ་པ་དག་རེ་རེ་བཞིན་རང་རང་གི་ཤག་ཏུ་བྱོན་ཏེ། ང་ཚོ་དེ་དག་གི་རྗེས་སུ་བརྒྱུགས་ནས་རང་ཤག་ཏུ་ཕྱིན། ང་རང་རང་ཤག་ཏུ་འགྲོ་གྲབས་དང་བསྟུན།ཚེ་རིང་གཙང་སྤྱོད་ཁང་ནས་སྒོ་རུ་ཐོན་པ་དང་འཕྲད་བྱུང་། ང་རང་ཚེ་རིང་དང་ཐུག་འཕྲད་བྱུང་བ་དང་ཆབས་ཅིག་ཏུ་ཚེ་རིང་གིས་ཡང་མཉན་མི་འདོད་པའི་རྩོམ་རིག་གི་སྐོར་ནས་ཁ་བརྡ་བྱས་བྱུང་། ཚེ་རིང་གིས་རྡོ་ལམ་སྐྱ་ཐག་ཆོད་པའི་སྟེང་དུ་ཡར་འགྲོ་བཞིན་པའི་གྲྭ་པ་དེའི་ཕྱོགས་སུ་མཆུ་སྟོན་ཞིག་བྱས་ཏེ། "རྟག་ཏུ་ཁྱོད་དང་འདྲ་བར་རྩོམ་ཡིག་འབྲི་ཨུ། ཡིག་ནོར་ཧ་ཅང་མང་གི་་་་" གྲྭ་པ་དེ་ནི་དཀོན་མཆོག་རྒྱལ་བ་འབོད་པ་རེད། དཀོན་མཆོག་རྒྱལ་བས་སློབ་གླིང་འདིའི་རྩོམ་རིག་གི་ཨང་དང་པོའི་བྱ་དགའ་དང་གཟེངས་རྟགས་བླངས་མྱོང་སྐད་འདུག་ལ། ད་དུང་དཀོན་མཆོག་རྒྱལ་བས་རྩོམ་ཡིག་མང་པོ་ཞིག་ཚགས་པར་ཁང་དང་དུས་དེབ་གང་མང་གི་སྟེང་དུ་བཀོད་འདུག། ཚེ་རིང་གིས་ངེད་གཉིས་འདྲ་མཚུངས་སུ་སྦྱར་བ་ལ་ང་རང་དེ་ཙམ་དགའ་མ་བྱུང་། རྒྱུ་མཚན། ངེད་གཉིས་ཀྱི་རྩོམ་ཡིག་ཇི་ལྟར་ཞིབ་བསྡུར་བྱས་རུང་། ཀློག་གྲངས་དང་དུས་དེབ་ཁག་ཏུ་འབྱོར་བ་གང་ཅིའི་ཐད་ནས་ངས་དཀོན་མཆོག་རྒྱལ་བ་ལ་འགྲན་མི་ནུས་པ་ཧ་ཅང་གསལ་པོ་ཡིན་ཕྱིར། ད་ནི་ས་ཡོངས་སུ་རུབ་འདུག། ཚེ་རིང་ངེད་གཉིས་ཀྱི་དགའ་ཁ་འཁྱེར་ཕྱོགས་མ་ཟད་ཉིན་གཅིག་གི་ལས་ཀ་མི་མཚུངས་ཕྱིར། མཉམ་གཅིག་ཏུ་ཇ་ཁ་གཅིག་ལ་འཛོམས་རྒྱུ་ཧ་ཅང་ཉུང་། ང་རང་ཚེ་རིང་དང་མཉམ་འཛོམས་བྱུང་ན་འདོད་ཀྱིན་མི་འདུག། དེ་ནི་ཚེ་རིང་གི་ཚིག་ལ་གདུག་རྩུབ་དྲག་པོ་ཡོད་པ་ཡིན་པ་འདྲ། ཡིན་ནའང་། ཚེ་རིང་ངེད་གཉིས་ཡང་ཟ་ཁང་ཞིག་ཏུ་ལྷན་དུ་ཅི་སྨྲ་འདི་སྨྲ་མེད་པར་འཛོམས་ཏེ་ནུབ་ཇ་བཏུང་བ་ཡིན། " བརྩེ་དུང་གི་རྩོམ་ཡིག་ཡག་པོ་འབྲི་རྒྱུ་བྱུང་ན། བསྟོད་རྩོམ་ཀློག་གྲངས་ཉུང་ལ་དགའ་མཁན་ཉུང་། དེའི་ཕྱིར་བརྩེ་དུང་དང་འབྲེལ་བའི་རྩོམ་ཡིག་བྲིས་ན་ཡག་གི་་་་་"ཚེ་རིང་གིས་ཕྱེ་ཐུག་འཐུང་ཞོར་ང་ལ་དེ་ལྟར་བཤད་པ་ཡིན།

"ང་ལ་དགེ་རྒན་གྱིས་གྲྭ་པས་གྲྭ་པའི་རྩོམ་རིག་བྲིས་ན་ལེགས་ཚུལ་མང་པོ་གསུངས་ཕྱིར། ངས་དེའི་ཕྱོགས་སུ་རྩོམ་རིག་གི་སྨྱུག་ཁ་བསྒྱུར་ཅི་ཐུབ་བྱས་པ་ཡིན་་་" " སྡེ་བའི་ཁར་མཉན་ན། ཕ་རྒན་གྱི་རོ་འཕེན་ས་མི་རྙེད་་་་" སྐད་ཆ་འདི་ཚེ་རིང་གིས་ང་ལ་བཤད་པ་ཡིན། ང་རང་སྤྲོ་ལངས་སོང་། ཚེ་རིང་ལ" ངས་སང་ཉིན་ནས་ཅི་ཡང་མི་བྱ། ཁྱོད་ལ་དགོས་པ་དེ་རེད་་་་" ཅེས་ང་རང་ཚེ་རིང་དང་ཕྱིར་བཀྱེད་ནས་ཕྱིར་རང་ཤག་ཏུ་ལོག་པ་ཡིན།

ངའི་ཤག་གི་དཀར་ཁུང་དམའ་ས་རུ་ལྷུང་བའི་ཟོལ་དུ་ཡོད་ལ། ངས་ཞོགས་པ་རེ་རེའི་དུས་སུ་དཀར་ཡོལ་སེར་པོ་དེ་དལ་གྱིས་ཕར་ལ་ཕྱེ་བ་ཡིན། ངའི་གཡོན་ཕྱོགས་ཀྱི་དཀར་ཁུང་ནས་ལྗོངས་འདིའི་ཕྱི་རོལ་ཡུལ་གྱི་བཀོད་པ་གསལ་པོ་མཐོང་ཡོང་། ངས་རྩོམ་ཡིག་མང་ཤོས་ཤིག། དཀར་ཁུང་དེའི་དཀར་ངོགས་ལས་ཕྱི་རོལ་ལ་མྱོང་རོལ་བྱེད་བཞིན་བྲིས་པ་ཡིན། དཀར་ཁུང་གི་དཀར་ངོགས་ལས་ཕྱི་རོལ་ལ་ཡུན་རིང་ཞིབ་ལྟ་བྱེད་དུས་སྔོ་ལྗང་ལྗང་གི་མདངས་ཀྱིས་ཕྱུག་པའི་ཉག་ཀ་སྐྱ་ཐང་ཐང་དེ་མཐོང་ན་ཡིད་སེམས་སྨྲེང་བ་ཞིག་རེད། ཉག་ཀ་དེའི་ཕར་ཕྱོགས་ཀྱི་གུད་ན་རྦབ་ཆུ་ཞིག་ཡོད། ཉག་ཀ་སྐྱ་ཐང་ཐང་དུ་གྱུར་བ་ལྷན་དུ་རྦབ་ཆུ་ཆལ་ཆོལ་དུ་བཞུར་བའི་སྒྲ་གདངས་འགགས་ཏེ། རྦབ་ཆུ་འཁེང་གིས་བསྡམས་འདུག་པ་ཤེས། ངས་དེ་ལྟར་བཤད་མི་ཤེས་པར་སྐྱོ་སེང་ལན་གཅིག་བྱས་རྗེས་ཚགས་པར་ཁང་ཞིག་གིས་ངའི་རྩོམ་ཡིག་ཁག་ཅིག་བདམས་བཀོད་བྱས་ཡོད་པ་མཐོང་ཞིང་། ཚགས་པར་དུ་བཀོད་པའི་རྩོམ་ཡིག་དེ་དག་ཀློག་གིན་ཀློག་གིན་ང་ནི་ཁྱིམ་ཚང་དཀྱུས་མ་ཞིག་གི་རྩོམ་འབྲི་བ་ཡིན་པ་ཤེས་ཤིང་། ཕྱིས་སུ་སློབ་གླིང་དང་མི་སྒེར་གྱི་རྩོམ་རིག་འགྲན་བསྡུར་གྱི་གར་སྟེགས་སུ། ངས་རྩོམ་རིག་ཁྱེར་ནས་འགྲན་བསྡུར་དང་རང་གི་སྙན་གྲགས་བསྒྲུབ་ན་མི་འདོད་པ་བྱུང་། རྒྱུ་མཚན་ང་རང་རང་ལས་རྟ་ལ་བསམ་མནོ་འཁོར་མི་ཤེས་པའི་རྟ་བདག་ཅིག་ཏུ་འགྱུར་མི་འདོད་པ་བཞིན་དུ་་་་་་་


  • ལེ་ཚན་སྔོན་མ།: སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་ཚིགས་སུ་བསྡེབས་པ་བསྟོད་གསོལ་ངག་རིག་འགུག་པའི་ལྕགས་ཀྱུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།