སྨན་ཆུའི་ཐིགས་པ།

༼ འཇིགས་མེད། ༽        2024-03-15

གྲྭ་བཙུན་ཤེས་རབ་ཀྱིས་དགོན་པའི་ཆོས་རར་དགེ་བསྐོས་ལ་གནང་བ་ཞུས་ཏེ་རང་གི་ཕ་རྒན་ཞག་སྡོད་བྱེད་སའི་སྨན་ཁང་དུ་ལྟ་རུ་སོང་། སྨན་ཁང་གི་ར་སྐོར་ནང་ལ་ཐོན་དུས་བོད་ལྭ་ཚིལ་སྟུག་གྱོན་པའི་བོད་པ་མང་པོས་གང་སར་འདུར་རྒྱུགས་བྱེད་བཞིན་ཁོམ་གྱིན་མེད། ཐད་ཀར་ཤེས་རབ་ཀྱི་རྣ་ལམ་དུ་ཐོས་ཡོང་བ་ནི་མིང་ཐོ་འགོད་ས་གང་རེད་དང་། སྨན་པ་གང་ན་ཡོད་དམ་ཞེས་སོགས་ཀྱི་སྐད་ཆ་དག་རེད། ཁོའི་སེམས་སུ་འུར་སྒྲ་དེ་དག་ལ་གསོན་ཤུགས་དང་སྤྲོ་སྣང་འདྲེས་པའི་ཆོས་རའི་ནང་གི་ཆོས་སྒྲ་དང་གཏན་ནས་མི་འདྲ་བར་སྨེ་ངག་དང་ཁུན་སྒྲས་གང་བ་ཞིག་རེད་ཨང་བསམ། དེ་མུར་རིམ་བཞིན་ཐེམ་སྐས་ལ་འཛེག་དུས་ཁོའི་ཉེ་འཁོར་ན་ཡོད་པའི་མི་ཕལ་ཆེར་ཐད་ཀར་འགྲོ་ཐུབ་མཁན་ཧ་ཅང་ཉུང་ལ། ལ་ལ་ནི་སྐྱོར་ནས་འགྲོ་བ་དང་། ལ་ལ་ནི་ཐེམ་སྐས་ཀྱི་དྲྭ་ཚིགས་ལ་འཁེན་ནས་འགྲོ་བ་སོགས་ཀྱི་རྣམ་པ་དང་ངོ་མདོག་ཤོར་བའི་ངོ་གདོང་རེ་རེ་མཐོང་དུས་ཁོའི་སེམས་སུ་འཁྱག་སིབ་སིབ་ཀྱི་རླུང་བུ་འདྲ་བ་ཞིག་ལྡང་འགོ་བརྩམ། གཉིས་ཐོག་དང་སུམ་ཐོག་གང་ལ་ཐོན་ཡང་མི་ཚོགས་འཚང་ཁ་ཤིག་ཤིག་ཡིན་པས་མང་ཚོགས་ཐམས་ཅད་འདིར་ཐོན་འདུག་སྙམ་པའི་ཚོར་སྣང་ཞིག་ངང་གིས་སྐྱེས།

སྒོ་ཆུང་མང་པོ་བརྒྱུད་པའི་མཐར་ཕ་ལགས་ཀྱི་མཚན་རྒྱ་ཡིག་གིས་བྲིས་པའི་བྱང་བུ་སྔོ་སྐྱ་ཅན་ཞིག་སྒོ་འགྲམ་གྱི་གྱང་ངོར་བཀལ་བ་མཐོང་བས། དེ་ལ་གཟབ་ནན་གྱིས་ལྟ་བཞིན་ཁང་མིག་ནང་ལ་འཛུལ། དེ་མ་ཐག་ཏུ་ཁོའི་མིག་ལམ་ལ་ཤར་ཡོང་བ་ནི་མིག་ཟུང་ཀོག་ལ་ལྷུང་བའི་ཕ་ལགས་དང་མལ་ཁྲིའི་གཡས་གཡོན་ན་ངོ་མདོག་ཤོར་བའི་ནད་པ་དག་རེད། ཕ་ལགས་ལ་འཚམས་འདྲི་ཞིག་བྱས་པ་ན། མགྲིན་པ་འགགས་ནས་ཕ་ལགས་ཀྱིས་གོ་མ་སོང་བས་ཡང་བསྐྱར་དྲིས་ནས་ཕ་ལགས་ལ་ཁ་བརྡ་ཅུང་ཟད་བྱས་ན་ཡང་། མུ་མཐུད་ནས་ཁ་བརྡ་རིང་པོ་ཞིག་ཡེ་ནས་མ་བྱུང་། ཕན་ཚུན་ལ་ཁ་བརྡ་མེད་པའི་སྐབས་དང་སྐབས་སུ་སྒོ་སྲུབ་ནས་བཀྲ་མི་ཤེས་པའི་སྐད་ཆ་མང་པོ་གོ་ཡོང་།

ཨ་རོ་ནད་པ་འདི་ནས་མི་ཐུབ་ཀི་ཟི་ལིང་ལ་འགྲོ་དགོས་ཟེར། ད་སྒོར་མོ་ཞིག་གྲ་སྒྲིག་བྱ་དགོས་རྒྱུ་རེད་ཅེས་པའི་ཁ་པར་བཏང་བའི་སྐད་ཆ་འདི་དག་རེད། སྐད་ལ་ཉན་ན་རྒན་པོ་བསམ་ཤེས་ཞིག་ལོས་ཡིན་སྙམ་ན་ཡང་སྐད་ནང་དུ་ངག་འདར་ཅུང་ཙམ་འདྲེས་ཡོད་པས་ཁོ་ལ་མཚར་སྣང་དམིགས་གསལ་བ་ཞིག་སྐྱེས། དེ་ནི་ཁོ་ལ་མཚོན་ན་རྒན་རབས་པ་བསམ་ཤེས་ཤིག་གིས་ངག་འདར་ནས་བཤད་པའི་སྐད་ཆ་ཐོས་པ་ཐོག་མར་ཡིན་པས་རེད། དེ་དང་མཐུན་པའི་སྐྱོ་དུང་དུང་གི་ཚོར་བའི་ཡོངས་སུ་ཟིན། སྐབས་དེར་ཨ་ཕས་རྒས་གཉེར་གྱིས་ཡོངས་སུ་ཟིན་པའི་ལག་འགོའི་སྨན་ཁབ་ལ་གཟབ་ནན་གྱིས་ལྟ་བཞིན་འབྲུ་མི་གོ་བའི་ཁ་ཏོན་ཞིག་མུར་མུར་འདོན་བཞིན་འདུག། ཤེས་རབ་ཀྱིས་ཀྱང་གནམ་ཁབ་ཀྱི་ཆུ་སྦུག་ལས་ཆུ་ཐིགས་རེ་རེ་ཐིགས་པ་ལ་ཅེར་ནས་ཁོའི་ཡིད་ལ་སྔར་དགེ་རྒན་རྣམ་པས་དཔེ་ཁྲིད་གནང་བའི་སྐབས་སུ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་པ། འཁོར་བའི་ནང་དུ་སྡུག་བསྔལ་མྱོང་ཚུལ། འཆི་བ་མི་རྟག་པ་སོགས་འཆད་པའི་སྐབས་སུ་དངངས་སྐྲག་དང་དུས་ཚོད་སྐར་ཆ་རེ་རེ་མི་སྡོད་པར་འགྲོ་བའི་མྱོང་ཚོར་སོགས་ཅུང་ཙམ་ཡོད་ནའང་། ད་ལན་དེ་ལས་ཤུགས་ཆེན་པོ་བྱུང་བས་སྨན་ཆུའི་ཐིགས་པ་ཡང་སྔར་ལས་ཇེ་མགྱོགས་སུ་སོང་བའི་ངང་ཚུལ་ཞིག་ཡིད་ལ་འཁོར་བ་དང་མཉམ་དུ་རང་གི་དྲན་ཚོར་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་ཡིད་ལ་ཤར། ང་ལ་ད་བར་དུ་ནད་འདྲ་ནི་མ་བྱུང་། རྗེས་མ་ནད་ཅིག་བྱུང་ན་ངའི་སློབ་སྦྱོང་དང་ཉམས་ལེན། ཕུགས་བསམ་སོགས་བསྒྲུབ་ཐུབ་རྒྱུ་ཧ་ཅང་དཀའ་མོ་རེད། བར་སྐབས་དེར་ད་རེས་དགུན་གྱི་ཆོས་མཚམས་སྐབས་སུ་ས་དྲོད་ས་ཞིག་ལ་འགྲོ་དགོས་པའི་འཆར་གཞི་སོགས་ཧ་ཅང་དོན་དག་ཆུང་ཆུང་དང་བསམ་མ་ཤེས་པའི་བྱིས་པའི་བསམ་ཚུལ་དང་འདྲ་བ་ཡིད་ལ་འགོག་མེད་དུ་ཤར།

དྲན་པ་ལས་སད་དེ་གོང་གི་གནམ་ཁབ་ལ་བལྟས་པ་ན་སྨན་ཆུ་ཚར་འདུག་པ་མཐོང་བས་དེ་མ་ཐག་ཏུ་ཤེས་རབ་ཀྱི་ཁ་ལས་འོ་ཚར་འདུག་ཅེས་ཤོར། ཚར་འདུག ཚར་འདུག


  • ལེ་ཚན་སྔོན་མ།:བརྗེད་དཀའ་བའི་བཤེས་གཉེན་དྲིན་ཆེན།
  • ལེ་ཚན་རྗེས་མ།:སྐུལ་ལྕག།