ཚོར་སྦྲང་། 2024-01-17
མཚར་སྡུག་འོད་སྟོང་འབར་བའི་རྟ་བདུན་ནི་ཉིན་གཅིག་གི་ལས་དོན་ཡོངས་སུ་རྫོགས་སོང་བ་དང་འདྲ་བར་ཚང་ལ་ལོག་སོང་། ཉི་ནུབ་ཀྱི་མཚམས་སུ་ཆུ་འཛིན་དམར་པོ་ཞིག་གིས་ཅི་ཞིག་བློས་མི་གཏོང་བའམ། ཡང་ན་སྙིང་སྡུག་ལ་ཚིག་རྔ་སྐྱོང་མ་ཐུབ་པའི་སྙིང་གཏམ་འགའ་བཤད་འཕྲོ་བཞག་ཡོད་པ་དང་འདྲ་བར། རྒྱང་རིང་གི་ལ་འགོ་གན་ནས་ཕར་ལ་འགྲོ་མི་འདོད་པའི་བཟོ་ལྟ་སྟོན་བཞིན་སྐེ་མཇིང་ཡང་ཡང་བྱེད། དེ་ནི་འདང་ཟབ་པའི་དགའ་རོགས་ཤིག་དང་མཚུངས་པར། སྙིང་ཉེ་གང་ཞིག་ལ་སྒུག་བཞིན་དེའི་ཆེད་དུ་རང་ལུས་མེ་ལ་སྒྲོན་པ་དང་འདྲ་བར་དམར་ལམ་ལམ་བྱེད།
ང་ནམ་ཞར་ཁོམ་སྐབས་ཕྲན་ཙམ་རེ་བྱུང་ན། མཚམས་སྤྲིན་བལྟ་རྒྱུར་དགའ་པོ་ཡོད། དེ་ནི་བུད་མེད་གཞོན་ནུ་མ་ཞིག་ལ་ལྟ་བ་ལས་ཀྱང་མཚར་སྣང་ཆེ། དེ་ནི་ཅི་ཙམ་བལྟས་ཀྱང་རྫོགས་མཐའ་མེད་པའི་གཏམ་རྒྱུད་ཅིག་དང་མཚུངས།སྐབས་རེར་ངལ་དུབ་སྐྱོ་གདུང་གི་ན་བུན་མཐའ་དག་རྨང་ནས་དཀྲོགས་པར་བྱེད་ལ། ཡང་སྐབས་རེར་སེམས་ཀྱི་གཏིང་རིམ་ཞིག་ནས་ངུ་སྙིང་བྲོ་པོ་ཞིག་ཆུ་མིག་བཞིན་བརྡོལ་བར་བྱེད། ཡང་སྐབས་རེར་ཆུ་འཛིན་དམར་པོ་དེ་ཡི་སྤྱན་ཆབ་ཡིན་ནམ་སྙམ་པར་ཆར་བ་སིམ་སིམ་ཞིག་འབབ་པར་བྱེད་ལ། ཡང་སྐབས་འགར་ཆུ་འཛིན་དམར་པོ་དེ་ཡི་བརྩེ་འདང་ཡིན་ནམ་སྙམ་པར། བསིལ་རླུང་ཡན་པོ་རེའི་ཁྲོད་དུ་བདེ་དྲོད་འཇམ་པོ་ཞིག་ཀྱང་ལུས་ཀྱི་རེག་བྱ་ཡིས་ལན་མང་ཚོར་ཐུབ། དེའི་ཕྱིར་ང་མཚམས་སྤྲིན་ལ་བལྟ་རྒྱུར་དགའ་པོ་ཡོད།
རྟ་བདུན་ནི་སྨྲ་བ་མེད་པར་དལ་གྱིས་ནུབ་རི་བརྒལ། དུས་མཚུངས་སུ་ཆུ་འཛིན་དམར་པོ་དེ་ཡང་རྟ་བདུན་གྱི་རྗེས་ལམ་སྙེག་ནས་ནུབ་རི་བརྒལ་ནས་སོང་། བཟོ་ལྟ་དེ་ནི་སྤྱང་ཀི་ཞིག་གིས་ལུ་གུ་ཞིག་རི་རྒྱབ་ལ་དེད་ནས་འགྲོ་བ་དང་འདྲ་པོ་འདུག། ལམ་སེང་ལམ་སེང་རི་རྒྱབ་ལ་དེད་ནས་གཉིས་ཀ་མེད་སོང་། རྟ་བདུན་དང་ཆུ་འཛིན་དམར་པོ་གཉིས་རེས་མོས་ཀྱིས་ནུབ་རི་བརྒལ་རྗེས། གྲིབ་ཡོལ་ནག་པོ་ཞིག་གིས་དེ་མ་ཐག་རི་ཀླུང་ཀུན་ཡོངས་སུ་བཟུང་ནས་ཡོད་ཚད་ནག་ཐོམ་དུ་བཏང་། འཁྱག་རླུང་ཤུར་ཤུར་ཞིག་ངའི་ལུས་ཀྱི་ཉེ་ས་རུ་འཁོར་བཞིན་ཡོད་ན་ཡང་། ང་སྨྲ་བ་མེད་པར་ཅི་ཞིག་གི་ཆེད་དུ་མིག་ཟུང་རྒྱང་རིང་ལ་གཏད་ནས་འདུག ངས་མཚམས་སྤྲིན་དམར་པོ་དེའི་བྱུར་དམར་གྱི་འོད་མདངས་ཏེ་སླར་ཡང་ཤར་ན་བསམ་བྱུང་། ང་རང་གློ་རྡེག་ཏུ་འཁྱག་འདར་ཞིག་བརྒྱབ་པ་ན། ད་གཟོད་རྡེའུ་འབུར་གྱི་སྟེང་དུ་ང་རང་ཧད་ནས་ཡོད་པ་ཚོར་བྱུང་། ཆུ་འཛིན་དམར་པོ་དེ་ཡིས་ང་ལ་འཁྱག་རླུང་འདྲེས་མའི་ཁེར་རྐྱང་གི་གདུང་བ་ཞིག་བསྐྱུར་ནས་རྒྱང་ཐག་རིང་པོར་ཕྱིན་སོང་། ངས་ཁེར་རྐྱང་གི་གདུང་བ་དེ་སེམས་པར་སྦྱར་ནས་རང་ཁྱིམ་ལ་ལོག་པར་བརྩམས།
ང་རང་ལྷས་འདབས་སུ་ཐོན་པ་ན། བསྟན་འཛིན་ལྷ་མོའི་གདོང་ལ་རྔུལ་ཆུ་ཕྲུམ་ཕྲུམ་དང་བརྩེ་འཛུམ་གྱི་འདབ་ཁ་ཡོངས་སུ་ཕྱེས་ཏེ། ཕྱི་ཁྱིམ་གྱི་ལས་ཀ་ལེགས་པར་གྲུབ་ནས་ང་རང་བསྒུགས་ནས་འདུག། ང་ལ་ཁེར་རྐྱང་གི་གདུང་བ་ཞིག་གིས་འཚེ་བཞིན་ཡོད་པ་མོས་རྟོགས་བཞིན་ཡོད་པ་འདྲ་སྟེ། ངའི་ཉེ་ས་ལ་ཡོང་ནས་དྲོད་ལམ་ལམ་གྱི་མཆུ་ཐོ་དེ་ཡིས་ངའི་འགྲམ་པར་ཞི་འཇམ་གྱིས་འོ་ཞིག་བྱས་བྱུང་། དུས་ཡུན་རིང་ཙམ་ལ་འོ་མ་བྱས་པའི་རྐྱེན་ཡིན་ནམ་ཅི། ཏག་ཏག་ཞི་འཇམ་གྱི་འོ་དེ་ནི་ཐ་སྙད་གང་གིས་ཀྱང་མཚོན་ཐུབ་མེད་པ་ཞིག་རེད། བསྟན་འཛིན་ལྷ་མོས་འོ་ཐེངས་གཅིག་བྱས་པ་དེ་གས། ངའི་ནང་སེམས་ལ་གློ་རྡེག་ཏུ་མེ་ལྕེ་མཆེད་བྱུང་། ངའི་སེམས་པ་ལ་སྦྱར་བའི་འཁྱག་རླུང་འདྲེས་མའི་ཁེར་རྐྱང་གི་གདུང་བ་དེ་ཡང་རྨེག་མེད་དུ་བཏང་བྱུང་།
སེམས་པ་ནི་མཐུར་མེད་ཀྱི་རྟ་རྒོད་ལྟར་ཚུགས་ཐུབ་མེད་པ་བདེན་ན་ཡང་། ངས་དྲན་པ་ཡོངས་སུ་ཟིན་ན། ངས་རྒྱང་རིང་གི་ཆུ་འཛིན་དམར་པོ་དེ་ལ་ཞེན་ནས་ཁ་གྱེས་དང་དྲན་གདུང་འཚོལ་དགོས་དོན་མི་འདུག་སྟེ། མིག་ཟུང་བཙུམས་ནས་ཉལ་ཚེ་ཚོར་ཐུབ་པའི་བསྟན་འཛིན་ལྷ་མོའི་སྙིང་གི་འཕར་ཚད་དང་དབུགས་ཀྱི་འབྱིན་རྔུབ། མིག་ཟུང་ཕྱེས་ནས་ལྟ་ཚེ་མཐོང་ཐུབ་པའི་བསྟན་འཛིན་ལྷ་མོའི་མིག་ཟུང་དང་སྐྲ་ལོ་སོགས་ནི། ང་ཁོ་ནར་དབང་བའི་ངའི་ནོམ་པ་ཉག་ཅིག་རེད་འདུག། ངས་དྲན་པས་ཟིན་ན་དེ་ནི་ང་ལ་ཐོབ་པའི་ངའི་འཚོ་བའི་ནང་གི་བདེ་སྐྱིད་ཆེ་ཤོས་དེ་ཡིན་ནམ་སྙམ་བྱུང་། ངས་གློ་རྡེག་ཏུ་བསྟན་འཛིན་ལྷ་མོ་སྔོན་མ་ལས་ཀྱང་གཅེས་སྤྲས་ལེགས་པོ་ཞིག་བྱས་ན་འདོད་སོང་།ངས་རང་ལ་གཏན་དུ་མི་འཐོབ་པའི་བྱ་དངོས་དག་ལ་འཛིན་པ་ཆུང་དུ་བཏང་ནས་སྙིང་རྗེ་ཡི་ཕྱག་གིས་བསྟན་འཛིན་ལྷ་མོ་ལེགས་པར་གཅེས་ན་འདོད་བྱུང་། ངས་རང་གི་ཡོང་སྒོར་ཚང་མ་བཀོལ་ནས་བསྟན་འཛིན་ལྷ་མོ་ལ་ལག་འདོགས་སྡུ་གུ་ཡག་པོ་ཞིག་ཉོ་ན་འདོད་བྱུང་། སྔོན་མ་ངས་ཉོས་པའི་རིན་གོང་སླ་མོ་ཡི་ལག་འདོགས་དེ་ནི་མོས་གསེར་གྱི་ལག་འདོགས་ཤིག་དང་འདྲ་བར་གཅེས་སྤྲས་བྱེད་བཞིན་འདུག།
ངས་དུས་ཡུན་རིང་ཙམ་ཞིག་ལ་ཆུ་འཛིན་དམར་པོ་དེའི་ཕྱོགས་ལ་བསམ་བློ་མ་བཏང་ནས་བསྐྱུར་ཐབས་བརྩོན། དོན་དམ་དུ་དེ་ནི་སུ་ཞིག་གི་ཞེན་ཆགས་མིན་ཡང་སྲིད། ང་ཚོ་ནམ་ཡང་རང་ལ་མི་ཐོབ་པའི་བྱ་དངོས་དག་ལ་འཛིན་པ་ཆེ་བ་མ་ཡིན་ནམ། རང་དང་འཕྲད་པར་ལྕི་བའི་བྱ་དངོས་དེ་དག་གིས། ང་ཚོའི་ཁ་གཏད་ཀྱི་བརྩེ་བ་དང་བྱ་དངོས་དག་ལ་གཅེས་འཛིན་ཆུང་དུ་གཏོང་བཞིན་འདུག། ཐ་ན་བཟོད་ཡངས་བརྩེ་ལྡན་གྱི། སྙིང་རྗེ་ཡིས་ཕྱུག་པའི་སྙིང་སྡུག་ཀྱང་བརྗེད་བཞིན་འདུག། ཆུ་འཛིན་དམར་པོ་དེ་ལ་ཅི་ཙམ་མཛེས་སྡུག་བརྒྱ་སྟོང་གི་ལང་ཚོ་མཆིས་ན་ཡང་། བསམ་གཞིག་ལེགས་པོ་རེ་བཏང་ན་དེ་ང་དང་འབྲེལ་མེད་རེད་འདུག། དེ་ངའི་སྙིང་སྡུག་དང་བསྡུར་ཐབས་མི་འདུག། ཐ་ན་སྙིང་སྡུག་གི་ཞི་འཇམ་གྱིས་འོ་ཞིག་བྱས་པ་དེ་ལའང་བསྡུར་ཐབས་ཡེ་ནས་མི་འདུག། ད་ནས་བཟུང་། ངས་སྟོང་བསམ་གྱི་ཆོ་འཕྲུལ་དེ་དག་ཕར་ལ་བསྐྱུར་ནས། ཁ་ཡོད་ལག་ཡོད་ཀྱི་འཚོ་བ་དག་ལ་འདྲིས་ཐབས་བྱ་རྒྱུ་ཡིན།
རྩོམ་གསར། 10