ཁྱོད་ཀྱི་ཨ་ཁུ་པདྨ་གང་དུ་བཞུགས་ཡོད།

ཆོས་འབྱོར་རྒྱ་མཚོ།        2024-01-05

རང་ཉིད་སྡོད་སའི་རླངས་འཁོར་ཁ་ལོ་པའི་བུ་མོ་ཆུང་ཆུང་དེ་ལ་ཕུལ་བའང་ཞུ།

དྲང་མོར་བཤད་ན། རླངས་འཁོར་འདིའི་ནང་དུ་བཞུགས་པའི་བུ་མོ་ལགས། ངས་ཁྱོད་རང་ངོ་ཤེས་ཀྱིན་མེད། འོན་ཀྱང་། རླངས་འཁོར་འདིའི་ནང་དུ། ཁྱོད་ཀྱིས་གློ་བུར་ངང་གཏམ་དིག་དིག་ཅིག་ཤོད་ཀྱིན་འདུག“ཨ་ཁུ་པདྨ། ཨ་ཁུ་པདྨ་རེད།”ཅེས་བཤད་བྱུང་། དིག་དིག་གི་གཏམ་སྨྲ་མཁན་གྱི་བུ་མོ་དེ་ནི།

སྤྱན་ནི་ཉི་ཟླ་གཡོ་བ་བཞིན།། བཞིན་ནི་ཟླ་བཞིན་ཟླུམ་པ་ཅན།།

མཆུ་སྒྲོས་བིམ་པ་དམར་མདངས་རྒྱས།། འགུལ་ཞིང་འགུལ་ཞིང་བསམ་ལས་འདས།།

ཞེས་པའི་ཚིགས་སུ་བཅད་པ་འདི་ངའི་མགྲིན་དུ་འགོག་མེད་ལྡིང་བྱུང་། རླངས་འཁོར་གཡོན་ཕྱོགས་ཀྱི་སྒེའུ་ཁུང་ན་ཡོད་པའི་བུ་མོ་ཁྱོད་རྐང་འཇབ་ལག་འཇབ་ངང་གཡས་ཕྱོགས་ན་ཡོད་པའི་ངའི་རྩིབ་ཏུ་འབྱོར་ནས། “ཨ་ཁུ་པདྨ། ཨ་ཁུ་པདྨ་་་་”ཞེས་ནས་ཐེངས་འགའ་ལ་སྨྲས།

ཨ་ཁུ་པདྨ། ཨ་ཁུ་པདྨ། ངའི་སེམས་སུ་ཤར་ཐུབ་པའི་ཨ་ཁུ་པདྨ་གཅིག་ལས་ཅི་ཡང་མེད། དེ་ནི་ཁྲོལ་ཤུལ་ཨ་ཁུ་པདྨ་ཞེས་མཚན་གྱི་སྙན་པ་རླུང་བཞིན་གྲགས་པ་གང་དེ་རེད། ཁོང་ནི་བྱ་བཏང་རྣལ་འབྱོར་པ་ཞིག་ཡིན་ལ། འདི་ནས་ཡར་བརྩིས་པའི་ལོ་བཅུ་ཕྲག་ཅིག་གི་སྔོན་ལ་གཟུགས་སྐུ་དབྱིངས་སུ་གཤེགས་པའི་དམ་པ་ཞིག་ཡིན། ངའི་རྩིབ་ཏུ་འབྱོར་ནས་ངའི་གཟན་སྣེ་ནས་བཟུང་སྟེ། ཨ་ཁུ་པདྨ་ཞེས་མིང་ནས་འབོད་མཁན་གྱི་བུ་མོ་འདི་ནི་ད་ལོ་རྩིས་ན་ལོ་བཅུ་དང་བཅུ་གཅིག་ཙམ་ལ་སོན་ཡོད་པ་འདྲ། བུ་མོ་འདིའི་ཁྲོ་ཤུལ་ཨ་ཁུ་པདྨ་མཆོག་ཉིད་ཤེས་སམ། ང་དོགས་པ་དེ་བྱུང་ཞོར་བུ་མོ་འདིའི་སེམས་ཀྱི་ཨ་ཁུ་པདྨ་དང་ངའི་སེམས་ཀྱི་ཨ་ཁུ་པདྨ། ཡང་ན་གླུ་དབྱངས་ཀྱིས་འབོད་ཀྱིན་པའི་ཨ་ཁུ་པདྨ་འདི་དག་མི་གཅིག་གི་མཚན་ཡིན་ནམ། ཡང་ན་ཨ་ཁུ་པདྨ་ཞེས་པའི་མཚན་འདི་མི་གསུམ་ལ་ཐོགས་སམ་སྙམ།

ཡང་བསྐྱར་ཐེངས་གཅིག་ཉན་དུས། བུ་མོ་འདིས་མཛུབ་མོ་ངའི་གདོང་ལ་ཀེར་ནས་རང་གི་ཨ་ཕ་ལགས་ལ། “ ཨ་ཁུ་པདྨ། ཨ་ཁུ་པདྨ་རེད། ་་་་” ཅེས་བཤད་བྱུང་། བུ་མོ་འདིའི་ཨ་ཕ་ལགས་ཀྱིས་ང་ལ་“ཁྱོད་ཨ་ཁུ་པདྨ་རེད་ཟེར་གྱིན་འདུག”ཅེས་བཤད། སྐབས་འདིར་ངས་བུ་མོ་འདི་ལ་ལན་ཅི་ལྟར་གདབ་དགོས་པ་དངོས་གནས་ཤེས་ཀྱིན་མེད། ང་རང་འབབ་ཚུགས་དང་ཁ་ཐག་ཇེ་ཉེ་ཇེ་ཉེ་རུ་གྱུར་ནས་རླངས་འཁོར་ལས་བབས་པ་ཡིན། ང་རང་འབབ་ཚུགས་ལས་བབ་དུས་བུ་མོ་ཆུང་ཆུང་དེའི་མིག་གིས་ང་ལ་ལྟ་བཞིན་འདུག། རླངས་འཁོར་དེ་ཡང་སྔོན་ནས་སྔོན་གྱི་འབབ་ཚུགས་གཞན་དུ་སོང་བ་ན། བུ་མོ་ཆུང་ཆུང་དེས་རླངས་འཁོར་གྱི་སྒེའུ་ཁུང་ཕྱིས་ནས་ང་རང་མི་མཐོང་བའི་ཡུལ་དུ་མ་གྱུར་བའི་ཡུན་ལ་ངའི་ཕྱོགས་སུ་ཕྱིར་བལྟས་བྱས་ཤིང་། ངས་ཅི་བྱ་མེད་པར་རང་ཉིད་ཆས་དགོས་པའི་གནས་དེ་རུ་སོང་བ་ཡིན། དུས་ཚོད་ཕྱེད་ཙམ་ཕྱིན་རྗེས། ང་རང་ཆས་སྙིང་སྤྲོ་བའི་གནས་དེ་རུ་འབྱོར་སོང་། ང་གནས་དེ་རུ་ཡོད་པའི་ཇ་ཁང་ཞིག་ཏུ་སོང་ནས། གུང་ཇ་ཞིག་འཐུང་བ་ཡིན། གུང་ཇ་འཐུང་ཞོར་དང་ལྷན་དུ་ངའི་སེམས་སུ་ད་ཅི་ལོ་ན་ཕྲ་བའི་བུ་མོ་ཆུང་ཆུང་དེའི་དིག་གཏམ་གྱིས་ང་ལ་ཨ་ཁུ་པདྨ་ཞེས་པའི་མིང་ནས་བོས་པ་དྲན་པར་བྱས་ཤིང་། ད་ལྟ་ངས་ད་ཅི་བུ་མོ་ཆུང་ཆུང་དེའི་ཨ་ཁུ་པདྨ་སུ་ཞིག་ཡིན་ནམ་དང་ཁྱོད་ཀྱི་ཨ་ཁུ་པདྨ་གང་དུ་བཞུགས་ཡོད་ཅེས་འདྲི་སྙིང་བྱུང་།

ས་སྲོད་ཀྱི་གྲིབ་མ་ནག་པོ་གནས་འདིའི་ཕྱོགས་སུ་སླེབས་ཀྱིན་འདུག། ང་རང་གནས་འདི་ནས་རང་ཉིད་ད་ནངས་འོང་སའི་གནས་དེ་རུ་ཆས་ལ་སྟ་གོན་བྱས། ང་ད་ནངས་འབབ་སའི་འབབ་ཚུགས་སུ་སོང་ནས་རླངས་འཁོར་ལ་སྒུག་པ་ཡིན། དུས་ཚོད་ཀྱི་ཐག་སྒྲ་གྲག་འགུལ་མེད་པར་༧:༣༠ལ་ཐོན་འདུག། རླངས་འཁོར་མང་པོ་ཞིག་འབབ་ཚུགས་འདི་བརྒྱུད་ནས་ཡར་དང་མར་ལ་བཤར་གྱིན་འདུག། ངས་ལག་པ་བཀྱགས་ཏེ་ང་རང་འཁོར་ནང་དུ་འཇོག་གན་ཞུ་བའི་ལག་བརྡ་རླངས་འཁོར་ཡར་ལ་འགྲོ་བ་དག་ལ་སྟོན་གྱིན་ཡོད་ཀྱང་། ངའི་ལག་བརྡ་མི་མཐོང་བ་ལྟར་བྱས་ནས་རླངས་འཁོར་མང་པོ་ཞིག་ཡར་ལ་ཆས་སོང་། དུས་ཚོད་སྐད་ཅིག་ཉིད་ལ་༨:༣༠ལ་ཐོན་འདུག། འོན་ཏང་། འབབ་ཚུགས་འདི་ནས་ཡར་ལ་འགྲོ་མཁན་གྱི་རླངས་འཁོར་གཅིག་གིས་ང་རང་ནང་དུ་སྡོད་དུ་མ་བཅུག། ༨:༤༠ལ་འབྱོར་ལ་ཉེ་བའི་སྐབས་ཤིག་ལ། ང་རང་ད་ནངས་ནང་དུ་བསྡད་ནས་འོང་བའི་རླངས་འཁོར་དེ་འབབ་ཚུགས་འདི་རུ་ཐོན་ནས། རླངས་འཁོར་དེ་ལས་མི་གཅིག་གཉིས་ཤིག་འབབ་ཚུགས་འདི་རུ་བབས་སོང་། སེམས་སུ་མི་དྲན་པ་ཞིག་ལ་བུ་མོ་ཆུང་ཆུང་དེ་རླངས་འཁོར་འདིའི་ནང་དུ་འཛུམ་དམུལ་དམུལ་ངང་བཞུགས་འདུག་ལ། བུ་མོ་ཆུང་ཆུང་དེས་ང་རང་མཐོང་བ་ན“ཨ་ཁུ་པདྨ་་་”ཞེས་རླངས་འཁོར་ལས་བབས་ཏེ་ང་ལ་སྐེ་འཇུ་བྱས། སྐབས་དེ་ང་རང་ཅུང་མི་བདེ་བའི་རྣམ་རྟོག་ཅིག་བྱུང་།

ང་རང་བུ་མོ་ཆུང་ཆུང་དེ་བསྡད་ཡོད་པའི་རླངས་འཁོར་དུ་བསྡད་དེ། བུ་མོ་ཆུང་ཆུང་དེ་དང་ལྷན་དུ་རང་གི་སྡོད་གནས་སུ་ཆས་པ་ཡིན། ང་ཚོ་འབབ་ཚུགས་དང་ཅུང་ཐག་རིང་བའི་ལེ་དབར་ལྔ་དྲུག་ཅིག་ལ་སླེབས་པ་ན། ཁ་ལོ་པས “ངའི་ཕ་ཡུལ་མཛེས་པ་ཡིན། བུ་མོ་འདི་ངའི་བུ་མོ་ཡིན། ཨ་ཁུ་པདྨ་བུ་མོའི་ཕུ་བོ་ཡིན། ཨ་ཁུ་པདྨ་ན་ནིང་འཕྲུལ་རྟས་དོན་རྐྱེན་བསླངས་ནས་འདས་སོང་།” ཞེས་བཤད་བྱུང་། ཁ་ལོ་པས་ཞེ་སྨྲེང་བའི་བུ་མོ་འདིའི་ཨ་ཁུ་པདྨའི་ལོ་རྒྱུས་ང་ལ་གླེང་རྗེས། ང་རང་གི་ཡིད་ཀྱང་སྐྱོ་སྐྱོ་ཆགས་སོང་། ཡིན་ནའང་བུ་མོ་ཆུང་ཆུང་འཛུམ་དམུལ་དམུལ་ངང་དུ་བཞུགས་ཤིང་། ཨམ་ཕྲག་གི་ནང་ནས་སྦྲང་ཀོར་གསུམ་བཞི་ཞིག་བླངས་ནས་ང་ལ་སྟེར་བྱུང་། སྟེར་སྐབས་སུ་ཨ་དོ་ཨ་ཁུ་པདྨ་ཞེས་ཟེར་ནས་སྟེར་བྱུང་། རླངས་འཁོར་ཁ་ལོ་པས “ཨ་ཁུ་པདྨ་ཁྱོད་དང་ཧ་ཅང་འདྲ་བ་ཞིག་ཡིན། པདྨ་ཁོའི་དངོས་མིང་ཡིན་ལ། ཨ་ཁུ་པདྨ་ཞེས་འབོད་པ་ནི་པདྨ་གྲྭ་བ་ཞིག་ཡིན་པས་ཡིན། གཉེན་ཉེ་དག་གི་པདྨ་དགོན་པའི་གྲྭ་གྲལ་དུ་ཞུགས་རྗེས་ཨ་ཁུ་ཞེས་པའི་མིང་ཞིག་བཏགས། ཕྱིས་སུ་ངེད་ཚང་གི་ཁྱིམ་མི་དག་གི་ཨ་ཁུ་པདྨ་ཞེས་བོས་ཏེ། བུ་མོས་ཨ་ཁུ་པདྨ་ཞེས་འབོད་ཀྱིན་ཡོད།” ཞེས་ཡང་སྨྲེང་བའི་སྐྱོ་གཞས་ཤིག་བླངས་པ་དང་ཀུན་ནས་མཚུངས་ཏེ་ང་རང་ཅི་བྱ་གཏོལ་མེད་དུ་གྱུར་ནས་ངག་སྒོ་རུ་སྐད་ཆ་འབྲུ་གཅིག་ཀྱང་མ་བྱུང་། མ་ཎི་འགའ་བཏོན་ནས་ཁ་ལོ་པས “ པདྨ་སྨན་ཁང་དུ་སྨན་བཅོས་བྱེད་ལ་ཆས་པའི་ལམ་ནས་འདས་སོང་། པདྨ་འདས་སོང་བའི་དོན་དག། ངས་བུ་མོ་ལ་ཅི་ལྟར་བཤད་ན་འགྲིག་པར་ཤེས་ཀྱིན་མེད། བུ་མོ་ངེད་བཟའ་བ་གཉིས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ཡིན། པདྨས་ངེད་གཉིས་ཀྱི་བུ་མོ་བརྩེ་ཞིང་བྱམས་ནས་ཁོང་མིང་སྲིང་གཉིས་ཀྱི་བརྩེ་འདང་ཧ་ཅང་ཟབ་པོ་གྱུར་ཡོད། གནས་ཚུལ་མ་རུང་བ་དེ་བྱུང་ནས་ངེད་གཉིས་ཀྱི་བུ་མོ་ལ་འདང་ཆེ་བའི་ཕུ་བོ་ཞིག་མེད་སོང་བ་རེད། ན་ནིང་གི་ལོ་ནས་དེ་རིང་གི་ཡུན་ལ་བུ་མོས་པདྨ་ནམ་ཞིག་ལ་མོ་ཡོད་ས་རུ་ཡོང་བ་རེད་ཅེས་ཐེངས་མང་ལ་དྲི་བ་བྱས་མྱོང་། དྲི་བ་དེ་དག་གིས་མཚམས་མཚམས་སུ་ངེད་གཉིས་བཟའ་ཟླ་གཉིས་ཀྱང་ཧ་ཅང་སྐྱོ་བྱུང་།”ཞེས་བཤད་པའི་གཏམ་དེ་མཇུག་གྲོལ་རྗེས། དྲན་མེད་ཚོར་མེད་ངང་ང་རང་རང་ཉིད་འབབ་དགོས་སའི་འབབ་ཚུགས་སུ་འབྱོར་འདུག། ང་རང་འབབ་ཚུགས་དེ་ནས་རླངས་འཁོར་ལས་བབས་ཏེ་ངའི་སྡོད་གནས་སུ་ཡར་ལ་ཆས་པ་ན། བུ་མོ་ཆུང་ཆུང་དེའི་གདོང་ལ་སྐྱོ་བ་སྟུག་པོ་ཞིག་ཁྱེར་ནས་ཨ་དོ་ཨ་ཁུ་པདྨ་ཞེས་པའི་མིང་ནས་འབོད་སྐད་ཅིག་སྒྲོག་ཞོར་ངའི་ཁོག་སྨད་ལ་འཇུ་ནས་ཡུན་རིང་ཞིག་ལ་གྲག་འགུལ་མེད་པར་བསྡད་ལ། ཁ་ལོ་པ་རང་གི་བུ་མོ་ཆུང་ཆུང་གི་རྩིབ་ཏུ་ཐོན་ནས་བུ་ཆུང་ཆུང་ཁྲིད་ནས་བུད་སོང་། བུ་མོ་ཆུང་ཆུང་དེས་ད་ནངས་ང་ལ་ཕྱིར་བལྟས་ནས་སོང་བ་བཞིན།ངས་མོ་བུ་ཆུང་ཆུང་དེ་ལ་ཕྱིར་བལྟས་བྱས་ནས་ཡར་ལ་སོང་། བུ་མོ་ཆུང་ཆུང་དེས་ང་ལ་ཕྱིར་བལྟས་ནས་མར་ལ་ཤག་ཤག། ཀློག་པ་པོ་ལགས་འདི་ནི་ངའི་མི་ཚེའི་ངོ་མཚར་བའི་ཉིན་གཅིག་དང་ཞེ་སྨྲེང་བའི་ཉིན་གཅིག་གི་འདས་དོན་དུ་གླེང་ཆོག་གོ།།


  • ལེ་ཚན་སྔོན་མ།:གསང་སྤྱོད་ནང་གི་ལྟད་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།