རྫོགས་ཆེན་འབྲོག་རུ་སྡེ་བའི་གཡང་འཁྱིལ་སྟེང་གྲོང་ཚོའི་ངོ་སྤྲོད།

ཟླ་གསལ་གྱིས་བྲིས།        2024-01-05

    རྫོགས་ཆེན་འབྲོག་རུ་སྡེ་བའི་གཡང་འཁྱིལ་སྟེང་གྲོང་ཚོའི་ངོ་སྤྲོད།

    མདའ་གཞུ་གཡང་སྡེ་ཕྱུག་མོའམ་གཡང་འཁྱིལ་སྡེ་བ་ནི།  དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་རྫོགས་ཆེན་གྲོང་རྡལ་གྱི་རུ་ཁག་བརྒྱད་པ་ཡིན། སྡེ་དགེ་རྫོང་ནས་རྫོགས་ཆེན་བར་སྤྱི་ལེ160ཙམ་ཡོད།  གྲོང་རྡལ་ནས་རླངས་འཁོར་ལ་བསྡད་དེ་སོང་ཚེ་སྐར་མ་བཅུ་ལྷག་གིས་གཡང་འཁྱིལ་སྡེ་བར་ཐོན་ཐུབ།

    ཡུལ་སྡེ་གང་ཞིག་ཡིན་ཡང་ཕ་རུས་གསེར་གྱིས་བྲིས་པའི་སྲོག་ཤིང་ལ་མ་ཡིག་དབྱངས་སུ་བརྒྱུས་པའི་ལོ་རྒྱུས་ཀྱི་སྒལ་ཚིགས་མ་ཆག་པར་བརྟན་ནས་ཡོད་པ་ནང་བཞིན། གཡང་འཁྱིལ་སྡེ་བ་འདི་ཡང་། ཞོགས་པའི་བ་མོ་བཞག་པ་ལྟ་བུར་ལོ་རྒྱུས་མེད་པར་གློ་བུར་དུ་ཆགས་ཡོང་བ་ཞིག་ག་ལ་ཡིན། རྫོགས་ཆེན་སྐུ་རབས་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་གནས་འདིར་མ་ཕེབས་པའི་གོང་རོལ་དུ། ལུང་པ་འདིར་འཚོ་སྡོད་བྱས་ཡོད་པའི་དུད་ཁྱིམ་ཁ་ཤས་ཡོད་པར་གྲགས། དེ་རྗེས་བྱང་སོག་པོའི་ཡུལ་དུ་གྲུབ་དབང་པདྨ་རིག་འཛིན་གྱི་ཡང་སྤྲུལ་སྐུ་རབས་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་སྐུ་འཁྲུངས་ཞིང་། རྫོགས་ཆེན་དགོན་པས་གྲུབ་དབང་པདྨ་རིག་འཛིན་གྱི་སྐུ་ཕྲེང་གཉིས་པར་ངོས་འཛིན་བྱས་པ་ནས་རུ་དམ་རྫོགས་ཆེན་དགོན་དུ་གདན་དྲངས།  ཁོང་གིས་ཉེ་རྒྱུད་ཁྱིམ་ཚང་བདུན་ཙམ་ཁྲིད་ནས་རྫོགས་ཆེན་དུ་བསྐྱོད།  གཡང་འཁྱིལ་ལུང་པར་བཅའ་སྡོད་བྱས། ས་དེའི་མིང་ལ་གཡང་ཡར་འཁྱིལ་ཁུག་ཅེས་ས་དཔྱད་བཟང་བའི་ལུང་པ་ཞིག་ལ་ངོས་འཛིན་བྱས། དེ་ལྟར་རིམ་གྱིས་ས་གནས་དེ་རུ་སོག་པོའི་ཁྱིམ་རྒྱུད་གཅིག་ནས་གཉིས་དང་། གཉིས་ནས་གསུམ་སོགས་ཇེ་མང་ནས་ཇེ་མང་དུ་སོང་བར་གྲགས།

      གཡང་འཁྱིལ་སྡེ་བ་ནི་ཕལ་ཆེར་རྫོགས་ཆེན་དགོན་སར་གསར་དུ་བཏབ་པའི་དུས་མཉམ་ཙམ་ལ་གྲོང་སྡེ་འདི་ཆགས་ཡོད་པ་དང་། གཡང་འཁྱིལ་སྟེང་ཞེས་པའི་ས་གནས་འདི་ནི་རྫོགས་སྤྲུལ་གཉིས་པ་འཇིགས་མེད་ཐེག་མཆོག་བསྟན་འཛིན་གྱི་ཁྱིམ་རྒྱུད་གནས་སྡོད་བྱེད་ས་ཡིན་པས་དེ་ལྟར་གཡང་འཁྱིལ་ལྷ་སྡེ་ཞེས་པ་དང་།  གཡང་ཡར་འཁྱིལ་ཁུག  གཡང་འཁྱིལ་སྟེང་དང་།  གཡང་འཁྱིལ་སྡེ་བ་ཞེས་པའི་མིང་འདི་དག་ཐོགས་པ་ཞིག་རེད་འདུག ཕྱིས་སུ་མཆོག་སྤྲུལ་པདྨ་སྐལ་བཟང་གིས།མདའ་གཞུ་གཡང་སྡེ་ཕྱུག་མོ་ཞེས་པའི་མིང་བཏགས། ད་ལྟ་གྲོང་ཚོ་འདིར་ཁྱོན་སྡོམ་མི་གྲངས368དང་། དུད་ཚང107ཙམ་ཡོད།  གྲུབ་ཐོབ་པདྨ་རིག་འཛིན་གྱིས་རྫོགས་ཆེན་དགོན་པ་ཐོག་མར་གསར་དུ་བཏབ་སྐབས་གཡང་འཁྱིལ་སྡེ་བའི་ལུང་པ་འདི་བརྒྱུད་ནས་ཕེབས་མྱོང་ཡོད་པའི་ངག་རྒྱུན་ཡོད། དགོན་པའི་རྒྱབ་རི་ཡིན་པ་དང་། གཡང་འཁྱིལ་སྟེང་པའི་མདུན་རི་ཡིན་པའི་བྱ་དམར་མོའི་སྒང་ཞེས་པའི་རི་གདོང་དེའི་རྒྱབ་ངོས་སུ་རི་གཤག་གོང་འགབ་གསུམ་ཡོད་པ་དེ་ལ་སྤེན་འཁྱིལ་གོང་འགབ་གསུམ་ཞེས་འབོད་ཀྱིན་ཡོད། སྤེན་འཁྱིལ་གོང་མའི་ལུང་ཤུར་ཞིག་གི་ཉག་ཁ་རུ་གྲུབ་ཐོབ་པདྨ་རིག་འཛིན་གྱི་ཞབས་ཀྱི་རྗེས་ཤུལ་ཟེར་བའི་རྡོ་ལེབ་ཞིག་འདུག གནའ་མྱི་རྒན་པོ་ཚོས་རྡོ་དེའི་འགྲམ་དུ་རྡོ་མཆོད་སྤུངས་ནས་མེ་ཏོག་ཕུལ་སྲོལ་ཡོད། བཤད་སྲོལ་ལ་གྲུབ་ཐོབ་པདྨ་རིག་འཛིན་གྱིས་རྫོགས་ཆེན་དགོན་པ་གསར་དུ་བཏབ་སྐབས་རྡོ་དེའི་ཐོག་ཏུ་སྐུ་ངལ་གསོས་རྗེས། སྤེན་འཁྱིལ་གཤག་ནས་རྡོ་མཁར་སྒང་སོགས་བརྒྱུད་དེ་དགོན་པའི་ཕྱོགས་སུ་ཕེབས་པ་རེད་ཟེར། གཡང་འཁྱིལ་སྡེ་བའི་རྒྱབ་རིའི་ལུང་པའི་ནང་གི་ཤྭ་ནའི་འཇུ་ལ་ཕོ་རོག་རྒྱལ་པོ་ཞེས་པའི་གནས་རི་ཞིག་ཡོད་པ་དེ་ནི་ཡུལ་དེའི་མཆོད་གནས་ཀྱི་ཟོ་དོར་ཡིན། ལུང་པ་འདིའི་མིང་ལ་ངག་ཐོག་ནས་ཧན་ནའི་འཇུ་ཞེས་པའི་སྒྲ་གདངས་ཞིག་ཐོན་གྱིན་ཡོད། ཡིག་ཚོགས་སུ་ཤྭ་ནའི་འཇུ(ཤོ་ན་ལུང་པ)ཞེས་འཁོད་ཡོད།  དོན་ལ་ཤྭ་ནའི་འཇུ་དང་ཧན་ན་གང་ཞིག་བྲིས་ཀྱང་བོད་སྐད་ཀྱི་ཐོག་ནས་དེ་འདྲའི་གོ་བ་ཡག་པོ་ཞིག་ཐོན་ཀྱིན་མེད། འདི་ལ་དོགས་གཞི་གཉིས་ཡོད་པ་ནི་རྫོགས་སྤྲུལ་གཉིས་པ་འཇིགས་མེད་ཐེག་མཆོག་བསྟན་འཛིན་གྱི་ཁྱིམ་རྒྱུད་སོག་པོ་ཡིན་པས། ཐ་སྙད་འདི་ནི་སོག་པོའི་སྐད་ནས་འབྲེལ་ཆགས་པ་ཞིག་ཨེ་ཡིན་འདོད། ཡུལ་ལྷ་དང་ཟོ་དོར་ལ་ཧན་ཞེས་འབོད་སྲོལ་ཡོད་མེད་མི་ཤེས་ཀྱང་། སོག་པོའི་སྐད་དུ་ཨན་ཐན་ཧན་དང་། ལྷ་བཟང་ཧན། གུ་ཤྲི་ཧན་ཟེར་བ་ལྟ་བུ་འགོ་བ་དང་རྒྱལ་པོ་ལ་ཧན་ཞེས་པའི་ཐ་སྙད་འདི་སྤྱོད་སྲོལ་ཡོད་པ་མང་བོ་འབྱུང་གིན་ཡོད། ང་ཚོས་ཕོ་རོག་རྒྱལ་པོ་ཞེས་འབོད་སྲོལ་ཡོད་པ་འདི་ནི་སོག་པོའི་སྐད་ཀྱི་ཧན་ཞེས་པ་འདི་ལས་དོན་གྱི་གོ་བ་ཞིག་ཆགས་པ་ཡིན་ནམ། ཕོ་རོག་རྒྱལ་པོ་ཞེས་པའི་རྒྱལ་པོ་སྐད་བརྡ་ལ་ཧན་ཞེས་པའི་ཟུར་ཆག་པ་ཡིན་པ་གསལ་བཤད་དཀའ་ན་འང་། དོན་གྱིས་སོག་པོའི་སྐད་བརྡ་དང་ལུང་པ་འདིའི་གཞི་བདག་བར་དུ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་འདྲ།  

རྫོགས་ཆེན་འབྲོག་རུ་སྡེ་བའི་གཡང་འཁྱིལ་སྟེང་གྲོང་ཚོའི་ངོ་སྤྲོད།

      ད་དུང་ཐེ་ཚོམ་དང་དོགས་གཞི་གཞན་ཞིག་ཡོད་པ་ནི་ལུང་པ་འདིའི་འདབས་ཀྱི་ཞབས་ཆེན་ཕ་བོང་གི་ལོ་རྒྱུས་དང་འབྲེལ་བ་ཡོད་པའི་བོན་གྱི་ཟོ་དོར་ཞིག་ཨེ་ཡིན་འདོད། འདི་ནི་དོགས་གཞི་ཙམ་ལས་བོན་གྱི་ཟོ་དོར་དང་མཆོད་གནས་ཞིག་ཡིན་པའི་སྒྲུབ་བྱེད་ཡང་དག་ཡོད་པ་མ་མཐོང་།  གང་ལྟར་ཐ་སྙད་འདི་ནི་སོག་པོའི་མི་རྒྱུད་དམ་གནའ་བོའི་བོན་གྱི་ཆོས་རྒྱུད་ལས་བྱུང་བའི་ཐ་སྙད་གང་ཞིག་ཡིན་པས་དཔྱད་གཞིའི་གནས་སུ་འདུག རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བྲིས་པའི《ཡུལ་སྐྱོང་ཤྭ་ནའི་གཞི་བདག་ཀྱི་བསང་མཆོད་རྒྱས་པ་མི་ཟད་འདོད་དགུའི་རྡུལ་འཚུབ》ཅེས་པའི་ནང་དུ་ཤྭ་ན༼  ཤོ་ན༽ ཞེས་འཁོད་ཡོད་པ་དེ་ནི་ཧན་ན་ཞེས་པའི་སྒྲ་གདངས་ལས་ཟུར་ཆག་པ་ཞིག་མིན་ནམ་སྙམ།“ཤྭ་ནའི་དགེ་བསྙེན་སྐུ་མདོག་ངུར་སྨིག་མདོག།  རྒྱལ་པོ་རོལ་སྟབས་མཉམ་བཞག་གསེར་འཁོར་འཛིན།། ཞེས་པ་དང་། ནུབ་ཕྱོགས་མགོན་པོ་ཤྭ་ནའི་ལུང་པ་རུ།། ཞེས་པ་སོགས་ཀྱིས་ཡིག་ཚོགས་སུ་ཤྭ་ནའི་ལུང་པ་ཞེས་འཁོད་ཡོད་པ་མཚོན་གྱིན་ཡོད།  

     གཡང་འཁྱིལ་སྡེ་བའི་གཡས་རིའི་ལུང་པའི་ཕུ་ལ་དམ་ཅན་སྒང་དང་། གཏེར་བདག་ནོར་བུ་གཡུ་རྒྱལ་ཞེས་འབོད་སྲོལ་ཡོད།  གནས་རི་འདི་ནི་རྫོགས་ཆེན་ཡུལ་དགོན་གཉིས་ཀྱི་མཆོད་བསྟོད་ཀྱི་ཟོ་དོར་དང་། ཡུལ་ལྷ་རུ་ངོས་འཛིན་བྱེད་ཀྱིན་ཡོད། རྒྱབ་རི་ཧན་ནའི༼ ཤྭ་ནའི༽ ལུང་པའི་འདབས་སུ་ཞབས་ཆེན་ཕ་བོང་ཞེས་པ་སྔར་བོན་ལ་གྲགས་པའི་གནས་རྡོ་ཡ་མཚན་ཅན་དང་། གེ་སར་ཤེད་རྡོ་ཞེས་པའི་གནས་རྡོ་སོགས་ཡོད། དེ་མིན་རྫ་ཆུང་དང་རྫ་ཆེན་ཞེས་པའི་ལུང་པ་ཕུ་ཐག་རིང་ལ་རི་མགོ་རྫ་དང་གངས་ཀྱིས་བཟུང་བའི་མཐོ་སྒང་གི་རྣམ་པ་གསལ་བོར་མངོན་པའི་རྫ་རི་མཐོན་པོ་དག་ཀྱང་ཡོད་འདུག། 

      གཡང་འཁྱིལ་སྡེ་བའི་ནུབ་བྱང་མཚམས་ཀྱི་ལེ་བར་བཞི་ལྔ་ཞིག་གི་མཚམས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གཏེར་དུ་བླངས་པའི་ཚ་ཆུ་ལ། ད་ལྟ་རོག་དོན་ཚ་ཆུ་དང་ཚ་ཆེན་མ་ཞེས་འབོད་བཞིན་ཡོད།  ཚ་ཆུ་དེས་དྲེག་གྲུམ་དང་གྲང་བའི་ནད་ལ་ཕན་པ་མྱོང་གྲུབ་ཡིན་པ་ཡུལ་མི་ཚོའི་ངག་རྒྱུན་ནས་བཤད་ཀྱིན་འདུག དེ་ནས་མར་ཙམ་སོང་རྗེས་འདབ་སྒྲོལ་མ་ཞེས་པའི་རི་བོ་ཞིག་ཡོད་ལ། རི་ངོས་དེའི་ཐད་དུ་སོག་པོའི་མི་རྒྱུད་དག་གནས་འདིར་འོང་དུས་ལམ་བར་དུ་ངལ་གསོ་དང་གནས་སྡོད་བྱས་མྱོང་ཟེར།  ད་ལྟ་ཡང་ངག་རྒྱུན་ལ་སོག་པོའི་ཐལ་ཕང་ཞེས་འབོད་ཀྱིན་ཡོད།  དེ་ལྟར་རིམ་གྱིས་སོག་པོའི་མི་རྒྱུད་དག་ས་ཕྱོགས་གང་སར་མཆེད་ཡོད་པ་ནི། རྫོགས་ཆེན་གྲོང་རྡལ་གྱི་གཡང་འཁྱིལ་སྡེ་བ་དང་། དེང་གི་སེར་ཤུལ་རྫོང་གི་ཁོངས་གཏོགས་ཁྲོམ་བཟའ་གོང་འགབ་དང་། ཨ་རིག་རྫ། སྡེ་དགེ་རྫོང་ཁོངས་ཀྱི་ཨོ་གུར་དང་། ར་སྐོར་སོགས་སུ་སོག་པོའི་ཁྱིམ་རྒྱུད་མང་པོ་ཡོད་པར་བཤད།   

      མདོར་ན་གཡང་འཁྱིལ་སྡེ་བ་ནི་གྲོང་ཚོ་ཆུང་ཆུང་ཞིག་ལས་མེད་ན་ཡང་། གནའ་དེང་གཉིས་ལ་དམ་པའི་སྐྱེས་ཆེན་མང་པོའི་གདན་ས་དང་། མཁས་པ་དང་ལག་ཤེས་མི་སྣའི་ལྟེ་བ་ལྟ་བུ་ཞིག་ཏུ་ཆགས་ཡོད། ལྷག་པར་དུ་གེ་སར་གར་འཆམ་གྱི་འཆམ་དཔོན་སོགས་བཤད་སྒྲུབ་དང་། འབུར་བཟོ་དང་ཞལ་འབག་གི་ལག་ཤེས་ལ་མཁས་པའི་ལྷ་བཟོ་ཨ་ཆུང་ལྟ་བུ། བོད་ལུགས་གསོ་རིག་གི་ལག་ལེན་ལ་མཁས་པའི་མཁན་པོ་ཚེ་དབང་ཕུན་ཚོགས་སོགས་བོད་ཀྱི་རིག་གནས་ལ་བྱས་རྗེས་ཆེ་བའི་དམ་པ་གང་མང་ཞིག་ཕེབས་མྱོང་ཡོད།  

     གཡང་འཁྱིལ་སྡེ་བ་དང་དགོན་འདབས་བར་གྱི་འགྲོ་ལམ་ལ། གྲོ་ལམ་རྒྱབ་ཅེས་པའི་རི་ངོས་དེར་རྐང་ལམ་ཕྲ་མོ་ཞིག་ཡོད་ཀྱང་ཕྱིས་སུ་ཨར་འདམ་གྱི་གཞུང་ལམ་ལས་འདུག དེ་མིན་འཇུ་དོང་འདབས་ནས་ན་ཆེན་མ་དང་རྟ་རྒྱུགས་ཐང་གི་འགྲོ་ལམ་དང་། གཡང་འཁྱིལ་སྟེང་ནས་དགོན་ནང་འགྲོ་བའི་རྐང་ལམ་དང་། ཧན་ན༼ ཤྭ་ན༽ འགྲོ་བའི་རྐང་ལམ་སོགས་ལམ་ཕྲན་ཁ་ཤས་ཡོད་འདུག། 

     གཡང་འཁྱིལ་སྡེ་བའི་གྲོང་ཚོའི་ནང་དུ་ཆུ་ཕྲན་ཞིག་འབབ་ཀྱིན་ཡོད། ཆུ་ཕྲན་དེའི་མིང་ལ་ཟིལ་ཆུ་ཞེས་འབོད། ཆུ་བོ་འདིའི་མགོ་ཁུངས་ཟིལ་ཁྲོམ་གངས་རིའི་གངས་ཆུ་དང་འབྲེལ་བ་དམ་ཟབ་ཡོད་པས་མིང་དེ་ལྟར་བཏགས། གངས་ཆུ་གངས་ནས་འབབ་སྟེ་གངས་ཁྲོད་གོང་འགབ་གསུམ་གྱི་མཚོ་ཆུ་དང་འདྲེས་ནས་ཡོད་པ་མ་ཚད། མཚོ་ཆུ་ཟིལ་ཞུས་ལུང་པའི་ལུང་འདབས་ནས་འབབ་བཞིན་ཡོད་པས་ཟིལ་ཆུ་ཞེས་འབོད།  ཟིལ་ཞུས་འདབས་ཀྱི་སྟོད་རྒྱུད་ཀྱི་ལུང་པ་དབྱར་གནས་ཐང་ནི་གངས་ཁྲོད་གོང་འགབ་གསུམ་གྱི་མཚོ་གོང་འགབ་གསུམ་དང་འབྲེལ་ནས་ཡོད། ཉིན་ངོས་ཀྱི་རི་གདོང་དེར་རྫ་ཡུ་མ་ཞེས་འབོད། རྫ་ཡུ་མའི་རི་གདོང་དེར་གཤག་རྟེན་གོང་འགབ་གཉིས་ཡོད་པ་དེ་ལ་ན་རྟེན་གོང་འགབ་གཉིས་ཞེས་འབོད།


  • ལེ་ཚན་སྔོན་མ།:བ་སྲས་གསེར་གཞུང་སྡེ་བའི་ས་མིང་རིག་གནས་སྐོར་ལ་ཅུང་ཙམ་དཔྱད་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།