སྲིད་པ་གཡུ་ཡི་ཐང་མ།

རྨོག་ཐང་དཀར།        2023-12-08

དུས་དེ་རིང་བདག་གི་ཕྱིར་དྲན་གྱི་ཡོལ་གོར་ལྷགས་འོང་བ་དེ། མཛེས་སྡུག་གི་སྤང་ཐང་བསྐྱུར་ནས་གྲོང་ཁྱེར་གྱི་དུད་སྨུག་ཁྲོད་བསྐྱོད་པའི་ཉི་མ་དེ་རེད། ཉི་མ་དེ་ནི་ཟླ་དྲུག་པའི་ཆར་ཞོད་ཀྱི་ཀློང་ནས་རི་ཚོགས་ཀྱི་མཛེས་སྡུག་མིག་ལམ་ནས་ཡལ་ཞིང་། མོ་ཊའི་དྲ་མིག་ནས་ཕ་ཡུལ་དང་ཕ་ཡུལ་གྱི་མཛེས་པ་མཐའ་དག་སྙིང་ཁོང་ནས་བཞུད་པའི་ཟུག་རྔུ་རེ་རེ་མྱངས་ཏེ་རྒྱང་སྐྱོད་བྱེད་པའི་ཉི་མ་དེ་ཡིན། ཡང་ན། ལྕགས་དང་རྣོ་ངར་གྱི་འཛེར་སྐད་གྲག་པའི་གྲོང་ཁྱེར་གྱི་བཞི་མདོ་ཞིག་ཏུ་རྒྱ་ལས་གྲོལ་བའི་མི་ཚོགས་ཀྱི་འཚང་ག་དང་། རྣམ་ཤེས་ཀྱི་དྭངས་གསལ་གཏིང་ནས་རྙོག་པར་བྱེད་པའི་ཉེས་གྲིབ་ཀྱི་ཁ་རླངས་འཕྱུར་བའི་འཇིག་རྟེན་དུ་གོམ་པ་དང་པོ་སྤོས་པའི་ཉི་མ་དེ་ཡིན། དུས་ཚོད་དེ་འདྲའི་རིང་པོ་ཞིག་ནར་འགྱངས་སུ་ཕྱིན་ནའང་། རྣམ་ཀུན་བདག་གི་འཆར་ཡན་དང་ཀུན་རྟོག་གི་འཁྲུག་ཆའི་གསེབ་ཏུ་ཐ་སྙད་དང་སྒྱུ་འཕྲུལ་གྱི་བཀོད་པ་སྣ་ཚོགས་ཕྱུར་བུར་གཏམས་སྲིད་ཀྱང་། དེ་ཡིས་ང་རང་ཡོངས་སུ་ཚིམ་ཐུབ་མི་འདུག བདག་གི་སེམས་ཁོང་དུ་མཚོ་ལྟར་ལྟེམ་པའི་ཕ་མེས་ཡང་མེས་ཀྱི་རིང་སྟེ། སྲིད་པ་སྔོན་མའམ་འཇིག་རྟེན་གོང་མའི་རིང་གི་མི་རྒྱུད་དར་འཕེལ་དང་མཛའ་གཅུགས་རི་མོ། གཤིས་བཟང་ཁོག་ཡངས་དང་ལྷད་མེད་བརྩེ་སེམས།འཚོ་ཚིས་དང་བྱུང་རབས། མདོར་ན་ཞལ་གྱི་དཀྱིལ་འཁོར་ནས་འཛུམ་ཞིག་བཏོད་པ་ཡན་ཆད། ལྷད་མེད་བཅོས་མིན་གྱི་རྒྱས་ཐེབས་པའི་ལོ་རབས་དེ་ནི་ཇི་ལྟར་ཡང་བརྗེད་ཐབས་མི་འདུག།

རང་བྱུང་སྣོད་བཅུད་གཉིས་ལྡན་གྱི་ཞིང་ཁམས་ཤིག་བདག་གི་བློ་ཡུལ་ནས་ཡལ་མི་སྲིད་དེ། དེ་ནི་བདག་གི་ཕ་ཡུལ་ཡིན། ཡུལ་དེའི་མཛེས་སྡུག་གི་བཀྲག་མདངས་ལ་སུས་ཀྱང་རྒོལ་བར་མི་ནུས་ཏེ། བདག་གི་བློ་ངོར་ཧ་ཅང་བདེན་ཐུབ་ཀྱིས་རྒྱལ་ངེས་པའང་བདག་གི་ཕ་ཡུལ་དང་དེའི་མཛེས་སྡུག་ཡིན། དབྱར་ལྗོངས་སུ་སྤང་ཐང་ཡངས་པོ་གོས་ཀྱི་གདན་སྟེང་དུ། ཁྲ་ཆིལ་དགུ་ཆིལ་གྱི་མེ་ཏོག་ཁྲི་འབུམ་བཞད་པས་ཁྲ་ཆུང་མིག་གི་དབང་པོ་ཀུན་ནས་འཕྲོག་ཅིང་། འདབ་ཆགས་བྱ་ཡི་སྐད་སྒྲ་ལྷང་ལྷང་གྲག་པ་ལས་དར་ལུང་རྣ་བའི་དབང་པོ་རྨང་ནས་གསོ། ཚོམ་དང་ཚོམ་བུར་སྐྱེས་པའི་གླང་མ་དང་སྤེན་དཀར། སུ་རུ་དང་སྟག་པ་སྟག་མ་སོགས་ཀྱི་བསུང་ངད་ཀྱིས་གནས་འདིའི་གྲུ་ཟུར་ཧྲིལ་པོར་ཀུན་ནས་ཁྱབ། དེ་ལྟར་མི་ཞིག་གི་ཚོགས་དྲུག་གི་རྣམ་ཤེས་འཁོར་ས་ནི། ལྟེ་ཁྲག་འཕོས་སའི་ཕ་ས་ཕ་ཡུལ་གྱི་ཕྱི་ནང་དེ་ཁོ་ན་ལགས་ཤིང་། ཕ་ཡུལ་གྱི་གྲུ་ག་རེ་རེ་ན་ཕྱིར་དྲན་དང་མཚར་སྣང་གི་སྣང་ཡུལ་ལས་མ་འདས་པའི་སེམས་ཀྱི་ལོངས་སྤྱོད་གྱ་ནོམ་པ་རེ་ཡོད་པའང་སྨོས་ཅི་དགོས། དེས་ན་ངའི་སྙུག་རྩེ་ན་འཆར་ཡན་གྱིས་འཕྱོ་བའི་ཡུལ་ལྗོངས་དེ་བདག་གི་ཕ་ཡུལ་ཡིན་པས། གཤམ་དུ་ངས་སྙན་ངག་གི་ལམ་ནས་ཕ་ཡུལ་ལ་འགྲུལ་བཞུད་ཐེངས་ཤིག་བྱ། དེས་ཀློག་མཁན་ཁྱེད་ལ་མཛེས་སྡུག་གི་བློས་བསླངས་དང་སྒྱུ་འཕྲུལ་གྱི་ཞིང་ཐང་སྟེ་འཛད་དུ་མེད་པའི་ལོངས་སྤྱོད་ཅིག་སྩོལ་འོངས།

ཕ་ཡུལ་ལགས། རྒྱུ་སྐར་ལྟ་བུའི་མུ་ཏིག་གི་ཕྲ་ཚོམ་ནི་ཁྱེད་ཡིན་ཞིང་། གསེར་གྱི་སྐར་ཚོམ་ས་རུ་བཞད་པའི་མེ་ཏོག་གི་དཀྱིལ་འཁོར་ཡང་ཁྱེད་ཡིན་པས། དོན་དམ་པར་ཁྱེད་ནི། ངའི་བླ་ཚེ་སྲོག་གསུམ་གྱི་རུས་རྐང་དུ་ཟུག་པའི་ཟུངས་ཁྲག་ཁོལ་མ་དེ་ཡིན་ཞིང་། འདས་མ་ད་གསུམ་གྱི་སྙིང་ཁོང་ནས་བྱུང་བའི་མ་བཅོས་པའི་གླུ་སྐད་སྒྲོག་སའང་ཁྱེད་ཁོ་ན་ལགས། ངའི་བློ་ཡུལ་ལས་ཡལ་ལ་ཉེ་བའི་མངར་སྐྱུར་ཁ་གསུམ་གྱི་སྲིད་པའི་ཆོས་ཉིད་ཁར་ཁོར་ཁྱེད་དང་མཚུངས་ཐབས་གཏན་ནས་མི་འདུག་ཨང་། དེ་ནི་ནམ་ཡང་བདེན་པར་སྣང་སྟེ། ང་ལ་དུས་ཚོད་ཀྱི་བྱུང་རབས་ཤིག་གིས་སྤྲད་པའི་ནང་སེམས་ཀྱི་བརྩེ་དུང་ཡོད་ལ། ང་ལ་དགའ་སྐྱོ་ཆགས་སྡང་གི་ཚོན་རིས་མ་ཡལ་བའི་འདུ་འབྲལ་གྱི་མིག་ཆུའང་ཡོད་པས། གྱེན་དུ་ལྡིང་བཞིན་པའི་ངའི་སྙིང་གསོན་པོ་འདིའི་དྲན་ཤེས་ཁྲོད་ནས་ཁྱེད་རང་རྟག་པར་མཐོང་གིན་ཡོད་ལ། ལྷང་ལྷང་གྲག་བཞིན་པའི་སྙན་འཇེབས་ཀྱི་གདངས་དབྱངས་དབུས་ནས་ངས་ཁྱེད་རང་རྒྱུན་པར་ཐོས་ཐུབ་ཀྱིན་ཡོད། དུས་མཚུངས་སུ།གངས་ལྷ་རྡོ་རྗེ་གཡུ་ཁྲོམ་གྱི་དཔངས་སུ་བཞུགས་པའི་དད་འདུན་གྱི་ལྷ་མོ་དེ་ཁྱེད་ཡིན་ཞིང་། ཆུ་ལྷ་གཡུ་མཚོ་སྔོན་མོའི་གཏིང་རུམ་ནས་འཕྱུར་བའི་བྱམས་སེམས་ཀྱི་མཁའ་དབུགས་དེ་ཡང་ཁྱེད་རང་ཡིན་པས། ཁྱེད་ཀྱིས་ངའི་འཇིག་རྟེན་གྱི་ཆེས་ཟབ་ས་ཞིག་ཏུ་འོད་སྣང་གསར་པ་རེ་ཁྱེར་ཡོང་བཞིན་འདུག།

ངའི་ལྟེ་ཁྲག་འཕོས་པའི་འཇིག་རྟེན་གྱི་གྲུ་ཟུར། གངས་ཅན་ས་ཡི་ཐིག་ལེ། སྟོད་གངས་དཀར་གྱི་རི་འདབས་ན་སེང་གེ་གཡུ་རལ་ངོམས་ས།རྫ་འདབས་ཀྱི་སྨུག་ལོང་ཁྲོད་ན་འབྲོང་དང་རྐྱང་ཁྱུའི་གཤར་ལམ་ཤར་སེ། ནགས་ཀླུང་འཇོ་སྒེག་གི་ཟིལ་བར་ཁུ་བྱུག་སྔོན་པོའི་མགྲིན་དབྱངས་ལྷང་ངེ་། ཆུ་དང་ཆུ་ཕྲན་གྱི་དྭངས་ཤའི་ཀློང་དུ་གསེར་མིག་ཉ་ཡི་འཁྱུག་འགྲོས་ལྡེམ་མེ། ལྷུན་ཆགས་བརྗིད་ཉམས་ཀྱི་གཞིས་ཁྱིམ་དྲོན་མོ། མཛེས་སྡུག་གི་དཔལ་ཡོན་མངོན་པར་བཞད་པའི་ཞིང་ཁམས་འདིར་ངས་ཚེ་ཚེ་རབས་རབས་སུ་བཏབ་པའི་རེ་སྨོན་གྱི་བསང་དུད་མཁའ་ནས་མཁའ་རུ་འཕྱོ། སྲིད་པ་གཡུ་ཡི་ཐང་མ་སྟེ་ངའི་ཕ་ཡུལ་ལགས། ཁྱེད་ཀྱིས་འཇིག་རྟེན་གྱི་མཛེས་པ་ཡོད་ཚད་ཀྱི་ཡང་རྩེ་མཐའ་དག་མངལ་དུ་སྦྲུམ་ནས། ཡིད་དུ་འོང་ཞིང་ལྟ་ན་སྡུག་པའི་མཚར་སྡུག་སྟོང་གི་སྒོ་ཆེན་དེ་ལྷོད་པོར་ཕྱེས་འདུག་པས། ཁྱེད་ཀྱི་ཕྱོགས་སུ་བྲེལ་མྱུར་གྱིས་འདུར་རྒྱུག་ལ་རེམ་བཞིན་པ་ནི་ང་ཙམ་མིན་པར། མངར་སྐྱུར་གྱི་ལས་དབང་ཡོད་ཚད་ཁྱེད་ལ་བཅོལ་ཞིང་།སྐྱིད་སྡུག་གི་རྨི་ལམ་མཐའ་དག་ཁྱེད་ཀྱི་པང་ནས་རྨིས་པའི་ཚོགས་སྡེ་ཞིག་དང་། འབྱུང་བཞིའི་འདུ་འཕྲོད་ཀྱི་འཕར་རྩ་ཁྱེད་ཀྱིས་གནང་ཞིང་མི་ཚེའི་འགྲུལ་བཞུད་ཀྱི་ལམ་སྣེ་ཁྱེད་ལ་ཐོགས་པའི་རིགས་མཐུན་སྐོར་ཞིག་ཀྱང་ལགས་སོ།། ཀློག་མཁན་ལགས་ཁྱེད་ཀྱིས་ལྷོད་པོར་གཟིགས་དང་། གཤམ་དུ་ངས་མཚན་ཉིད་འབོལ་རྩོམ་གྱི་ལམ་ནས་ཕ་ཡུལ་གྱི་ཕྱི་ནང་ལ་འགྲེལ་བཤད་ཐེངས་ཤིག་བྱ། དེས་ཁྱེད་ཀྱི་མཛེས་དཔྱོད་ཀྱི་བང་རིམ་གསར་པ་དེའི་སྟེང་དུ་རྟེན་འབྱུང་གི་ངེས་ཤེས་འཕར་མ་ཞིག་སྣོན་འོངས།

མཚན་ཉིད་རིག་པ་ལྟར་ན། འཇིག་རྟེན་ནི་ཆུའི་དཀྱིལ་འཁོར་གྱི་སྟེང་དུ་རླུང་གཡུག་ཐེངས་གཅིག་གིས་རིམ་པ་ལྟར་ཆགས་པའི་གླིང་ཕྲན་ཞིག་དང་། ས་སྤར་བ་གང་གི་བསྡུས་གཟུགས་སུ་གྲུབ་པའི་ཡུལ་ལྗོངས་ཤིག་ཡིན་ན། འཚོ་གནས་ཀྱི་བསམ་གཞིག་ཀློང་དུ། རྒྱ་ཁྱོན་ལྡན་པའི་ཁོར་ཡུག་དང་མཁའ་དབུགས་གཙང་བའི་ནམ་མཁའ་ཞིག་ཡོད་པ་ནི། ཚེ་སྲོག་གནས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པ་ཡང་ཡང་འཁོར་ལ། མཐོ་སྒང་གི་མཁའ་དབུགས་ཀྱིས་སྙིང་གི་ལྡིང་མཚམས་དང་ཁྲག་གི་བཞུར་ཚད་དང་འགྲོས་མཉམ་པའི་གསོན་ཤུགས་རེ་རེ་སྟེར་བཞིན་ཡོད་པས། འཇིག་རྟེན་འདིའི་ཆགས་འཇིག་ལ་བསམ་གཞིག་བྱེད་པ་ལས་ཀྱང་དུས་ཚོད་ཀྱི་བར་སྟོང་ལྷག་མེད་དུ། སྣོད་བཅུད་ཀྱི་མཛེས་པ་ལོངས་སུ་སྤྱོད་ཤེས་དགོས་ལ་རང་བྱུང་ཁམས་ཀྱི་བཀའ་དྲིན་ཡང་ཚོར་དགོས་པ་མིན་ནམ། མཐོང་ཡངས་ཤིང་མཐའ་མེད་པའི་རང་བྱུང་གི་མཛེས་ལྗོངས་དེས། ལྷུན་གྱིས་གྲུབ་པའི་བསུང་ཞིམ་གྱི་བདེ་སྣང་འབད་མེད་དུ་བསྩལ་བས་སོ།། བསིལ་ལྡན་ཡུལ་ཏེ་གཡུ་ཡི་ཐང་མ། ང་ཡི་ཕ་ཡུལ། ཁྱེད་ཀྱི་གདངས་དབྱངས་སྙན་འཇེབས་ཀྱི་འགྱུར་ཁུགས་ཁྲོད་ནས། ཁྱེད་ཀྱི་རྨད་བྱུང་དགེ་ལེགས་ཀྱི་པད་མའི་ཚལ་ནས། ཁྱེད་ཀྱི་མཛེས་འཛུམ་ཡིད་འོང་གི་ལང་ཚོའི་ཀློང་ནས། ངས་འགྲོ་བ་མི་ཡི་ཆོས་ཉིད་དང་མཐུན་པའི་དབུགས་ཀྱི་རྒྱུ་བ་རྔུབ་ཐུབ་ཀྱིན་ཡོད། ང་རང་ཁྱེད་ཀྱི་བྱམས་བརྩེའི་བསིལ་གྲིབ་འོག་འཚར་ཞིང་། མངའ་ཐང་གཟི་བརྗིད་ཀྱི་དྲོད་ཁོལ་འོག་ནར་སོན་གྱིན་ཡོད་པ་ངས་ནམ་ཡང་བརྗེད་ཅི་ལ་སྲིད།

འགྲོ་བ་མི་ཡི་རིགས་རུས་ཀྱི་འདུ་ཤེས་ལྟར་ན། མི་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་ཚེ་སྲོག་བལྟམས་པའི་འཇིག་རྟེན་གྱི་གཤིན་ས་འདིར་དགའ་འདུན་གྱི་མེ་ལྕེ་དྲག་ཏུ་འབར་ངེས་ལ། ལྷག་བསམ་ཟོལ་མེད་ཀྱི་དུངས་ཞེན་ལྷབ་ལྷུབ་ཏུ་བསྐྱོད་སྲིད་པས། སྐྱེ་འགྲོ་གཅིག་མཐུན་གྱི་ཆོས་ཉིད་ངོ་འཕྲོད་པ་འདི་ནི་ཧ་ཅང་བཤད་སླ་ལ་བཤད་དཀའ་བ་ཞིག་ཀྱང་མ་རེད་དམ། འཇིག་རྟེན་སྲིད་པའི་རང་མདངས་ནི། མཚམས་ལན་རེར་མདང་སུམ་སྐྱེས་པའི་བྱིས་པའི་ཞལ་རས་བཞིན་སྐྱ་མདོག་ཅིག་དང་། སྐབས་ལན་རེར། ཉག་ག་ཀན་གྱི་རི་རྩེ་ན་ཡལ་ལ་ཉེ་བའི་མཚམས་སྤྲིན་བཞིན་དམར་ཐག་ཆོད་པ་ཞིག་སྟེ། ཕྱི་ནང་སྣོད་བཅུད་ཀྱི་གྲུབ་ཚུལ་འདི་ནི། འཇིག་རྟེན་རིལ་བོ་དེའི་སྟེང་འཚོ་གཞེས་ཀྱི་དབུགས་གཏོང་ལེན་བྱེད་པའི་སེམས་ཅན་རེ་རེའི་ལས་སྣང་ལ་རག་ལས་པའོ།།དེ་ལྟར་ན། ང་ཚོ་ནི་སྣང་སྲིད་མཉམ་པ་ཉིད་ཀྱི་རྟེན་འབྲེལ་གྱི་མགོ་མཇུག་མཉམ་པའི་ནང་མི་རེ་རེ་ཡིན་པར་མ་ཟད། བཟོད་བསྲན་དང་ཤེས་རིག་གི་དཔའ་དར་མཉམ་དུ་ཕྱར་འོས་པའི་ལས་མཐུན་གྱི་ཚོགས་སྤྱི་ཞིག་ཀྱང་ཡིན་ནོ།། གཤམ་དུ་ང་ཚོས་ནང་བསྟན་མཚན་ཉིད་རིག་པའི་ལྟ་དགོངས་དང་སྦྱར་ཏེ་སྣོད་བཅུད་ཀྱི་རྟེན་འབྲེལ་ལ་ངེས་ཤེས་ཐེངས་ཤིག་འཚོལ་བར་བྱ།

སྣོད་བཅུད་གཉིས་ནི་རྟེན་དང་བརྟེན་པའི་འབྲེལ་ལམ་ཞིག་གིས་རྒྱུན་མཐུད། ཆོས་ཉིད་གཅིག་མཐུན་གྱི་རྒྱ་མཚོ་ཆེན་པོའི་སྟེང་འོད་ཟེར་དཀར་དམར་འཁྱུག་པའི་ཉེར་ལེན་གྱིས་གསོས་བཏབ་ནས་ཡོངས་སུ་གྲུབ་པ་ཞིག་ཡིན་ན། ཚེ་སྲོག་ནི། སེམས་ཅན་གྱི་མྱོང་སྣང་སྣ་ཚོགས་པའི་རྟེན་དུ་གྱུར་པའི་འདུ་བྱེད་ཀྱི་ཕུང་པོ་ཞིག་སྟེ། ཕྲ་ཕུང་རེ་རེའི་ཁྲག་ལམ་བརྒྱུད་པའི་ཟུངས་བཅུད་ཀྱིས་གསོས་པའི་པདྨའི་མེ་ཏོག་ཅིག་རེད། ཚེ་སྲོག་མེད་ན་འཇིག་རྟེན་རི་སྒང་གི་མཐོ་བརྗིད་མཚོན་པའི་དུས་ཚོད་ཀྱང་མེད་ལ། གངས་རི་དང་རྫ་རི། གཡའ་རི་དང་ནགས་རི། རྒྱ་མཚོ་ཆེན་པོ་དང་རྡོ་རྗེ་ཕ་ལམ་སོགས་མཚོན་བྱ་དངོས་སྣང་གི་རྡུལ་ཕྲན་ཡང་སུ་ཡིས་གཏན་ལ་འབེབས། ཚེ་སྲོག་གི་མྱོང་བ་ནི་རྣམ་ཤེས་ཀྱིས་བསྐྱེད་པའི་བཟི་སྣང་ཞིག་སྟེ། དགའ་སྐྱོ་འདྲེས་མའི་ལས་དང་ལན་ཆགས་ཀྱི་འཁྱག་རོམ་རེ་རེ་ལྟར་ཚ་གདུག་གི་གྲོགས་དང་གྲང་ངར་གྱི་སྣོན་མར་གྱུར་དང་འགྱུར་བཞིན་མཆིས། སྲིད་པ་དར་རྒུད་ཀྱི་བྱུང་རིམ་དེ་ནི། སྐྱེ་འགྲོ་སྲོག་ཆགས་ཀུན་གྱི་ཚེ་སྲོག་གི་རྒྱུ་བ་དང་འགྲོགས་ནས་བྱུང་ཞིང་། ནང་སེམས་ཀྱི་བརྩེ་བ་དང་དེ་ལས་ལྡོག་པའི་གསོབ་རྫུན་གྱི་འདུ་ཤེས་ཏེ། ཉིན་སྲིབ་གཉིས་སུ་གྱེས་པའི་ལེགས་ཉེས་ཀྱི་མཐའ་ལས་བྱུང་བ་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད།

འགྲོ་བ་མི། ཁྱེད་རང་རི་མཐོ་ས་གཙང་གི་ཡུལ་གྲུ་མ་ངེས་པར་བསྐྱོད་པའི་མཐོང་སྣང་ཁྲོད་ནས། ཁྱེད་ཀྱིས་རྨད་བྱུང་དཔལ་ཡོན་ལྡན་པའི་ཞིང་ཁམས་གང་ཞིག་དམིགས་འབེན་དུ་འཛིན་ངེས་པ་ནི། ཁྱེད་ཀྱི་ཞེན་ཆགས་ཀྱི་གདགས་སྲིབ་ལས་སྐྱེས་པའི་མཛེས་སྡུག་གི་ཕ་ཡུལ་ཡིན་ངེས། དེ་ནི་དོན་དང་མཐུན་ཏེ། གནམ་སའི་རི་རབ་ཀྱི་པང་དུ་མཛེས་སྡུག་ཁྲི་འབུམ་གྱི་རྒྱུ་སྐར་བཀྲ་བའི་ཡུལ་ལྗོངས་དེར་ལྟོས་དང་། གཡའ་དྭངས་པའི་ནམ་མཁའ་དང་། ཚོམ་བུར་བཀྲ་བའི་སྤྲིན་དཀར་དང་སྨུག་པ། ཡལ་འདབ་རྒྱས་པའི་ནགས་ཚལ་སྟུག་པོ་དང་། ལོ་འདབ་འབུས་པའི་རྩྭ་ལྗང་ཕོན་པོ་སོགས་རི་ཆུ་ནགས་ཀླུང་གི་མཛེས་སྡུག་བླ་ན་མེད་པའི་ཡུལ་ལྗོངས་དེར་དབྱར་མེ་ཏོག་ཁྲ་ཚོམ་གྱི་མཎྜལ་སྤུངས། དགུན་ཁ་བའི་འདབ་མས་ས་གཞི་བརྒྱན། སྟོན་འབྲུ་དྲུག་སྙེ་མའི་མགོ་ལྕོག་ལྡེམ།དཔྱིད་དཔལ་ཡོན་བཞད་པའི་རྟེན་འབྲེལ་འགྲིག་པ་ཇི་ལྟ་ཇི་བཞིན། ད་ནི་ལྷུག་རྩོམ་འདི་ཉིད་ཀྱང་དུས་བཞིའི་རང་མདངས་སོ་སོར་མངོན་པའི་མཐོ་སྒང་གི་ཡུལ་གྲུ་ཞིག་ནས་རེ་ཞིག་མཇུག་བསྡུ་བའི་རྟེན་འབྲེལ་ལེགས་ལམ་དུ་འགྲིག་སོང་ངོ་།།


  • ལེ་ཚན་སྔོན་མ།:སྲིང་ཆུང་མ་སྲིད་གཅེས་ལ་སྤྲིངས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།