ཚོར་བར་མེ་ལྕེ་སྒྲོན་པའི་ཙག་སྒྲ་རྐང་གཅིག།

སོར་གདུབ།        2023-11-10

ཕྱི་མིག་ཁྲོད་ཀྱི་སློབ་གླིང་དང་སློབ་རའི་ནང་གི་འུ་ཅག་ལ་བྲིས་པ།

ང་ཚོ་ནི་འདུ་འབྲལ་ངེས་མེད་ཀྱི་སྤང་དུ་བཞད་པའི་ཡ་ང་བའི་མེ་ཏོག་ཚོམ་བུ་གཅིག་ཡིན་ཕྱིར། ང་ཚོའི་འདུ་འབྲལ་གྱི་རེ་འདུན་ཡང་ལས་དབང་གི་གནམ་གཤིས་ལ་སྦར་མོ་གཟེད་རྒྱུ་ལས་གཞན་ཅི།

བེམ་ཤེས་ཟུང་འཇུག་གདམས་ངག་གི་ཟླ་ཟེར་རབ་ཏུ་འཚེར་ཡོད་དུས། ངག་རིག་ཨུཏྤལ་གཏིང་ནས་དགའ་བས་སྙན་ངག་གི་འདབ་མས་བྱ་རྨྱང་བྱེད་ལ། དུང་སེམས་དང་བྱམས་བརྩེའི་དྲི་ངད་ཀུན་ཏུ་ལྡང་སྟེ། ཕ་རོལ་པོའི་ཡིད་ངོར། ལྷིང་འཇགས་དང་གུ་ཡངས་ཀྱི་པིར་རྩེའི་ཕྲ་སྦོམ་རེས་སུ་བསྐོར་ནས། དགའ་བ་དང་བདེ་སྐྱིད་ཀྱི་རི་མོ་ཡིད་དུ་འོང་བ་ཞིག་འབྲི་ན་འདོད་ཀྱང་། ལས་དབང་གི་འབྱུང་བཞི་མི་སྙོམས་ཤིང་། འདུ་འབྲལ་གྱི་ཆར་ཆུ་མི་མོད་པར་བལྟས་ན། འདི་ལྟའི་སྐྱོ་གདུང་གི་སྙན་ཚིག་ཅིག་འབྲི་ན་འདོད་དེ། ཟླ་བའི་གྲུ་ཆུང་སྤྲིན་ནག་མཚོ་ལས་ཐར་བའི་གླགས་ནི་ཡུན་གྱིས་དབེན། ། ཨུཏྤལ་འདབ་མའི་ཡན་ལག་འཁུམ་ནས་སྐྱོ་བའི་མགོ་བོ་བྲང་ཁར་ལྷུང་། ། སྐད་ཅིག་མི་ཚུགས་ཀུན་ཏུ་གཡོས་པའི་མ་མོས་འཕེལ་ནི་རབ་ལྡང་ཡང་། ། དྲི་ངད་འཇམ་པོ་ཕྱོགས་སུ་མི་གློད་གདུང་ཤུགས་དྲག་པོས་བག་ལ་ཞ། ། ཞེས་པའོ། །

ཁ་རྩང་། དགེ་སློབ་མཉམ་ཞུགས་མཛད་ཡོད་པའི་འཕྲིན་ཕྲན་གྱི་ཚོགས་པའི་ནང་དུ། སློབ་གྲོགས་ཁ་ཤས་ནས་ངེད་ཚོ་སློབ་གྲྭར་ཡོད་སྐབས་ཀྱི་འདྲ་པར་མང་པོ་ཞིག་བསྐུར་འདུག། ངའི་སེམས་སུ་ངང་གིས། འདི་དག་གློག་རྡུལ་གྱི་པར་རིས་མིན་གྱི་ན་སྔ་ས་ནས་ལྟེབ་ཆགས་ཤོར་ཚོད་ཡིན་པར་དྲན་པའི་མོད་ལ། འདས་སོང་གི་བགྲང་བྱ་དེ་དག། འགྲེལ་བཤད་གཅིག་གིས་རྫོགས་ཤད་འབྲི་ཐུབ་པ་མ་ཡིན་ཡང་། སེམས་ངོགས་སུ་འཁྱིལ་བའི་འདས་དོན་འདི་དག་འགུལ་ཤེས་པའི་རི་མོ་ཞིག་དང་འདྲ་བར། ངའི་སྙིང་ཁམས་སུ་རྦ་རླབས་བཞིན་ཡང་ཡང་བརྡབས་དྲགས་པས། མགྲིན་པའི་ངག་སྒོ་ཡང་ཟླ་ཟེར་འོག་གི་ཀུ་མུད་ཇི་བཞིན་འགྲེལ་བརྗོད་ཀྱི་ཡན་ལག་མི་བརྐྱངས་བར་ཐབས་མི་འདུག། ངས་པར་རིས་འདི་དག་མཐོང་ཞིང་བསམ་ན། ཡིད་འོང་གི་དཔེ་རིས་གསོན་པོ་སྣ་ཚོགས་མིག་ལམ་དུ་འཁོར་གྱིན་འདུག ཡ་ང་བ། དགོད་བྲོ་བ། འཛུམ་ཤོར་བ། ད་དུང་བརྗོད་མི་ཤེས་པའི་སྣང་བརྙན་དུ་མས། ངའི་གློ་སྙིང་གི་བར་ནས་ང་ལ་ཁེར་དགོད་སློང་ཞོར། སྤྲོ་སྣང་ཕྲན་བུ་རེ་སྟེར་གྱིན་འདུག།

སློབ་གླིང་དུ་འཁོད་པའི་ང་ཚོ་ནི། སྐད་ཡིག་གི་སྡོང་བོ་རེ་རེའི་སྟེང་། དབྱངས་གསལ་གྱི་ཡལ་ག་རེ་རེའི་རྩེར། སྙན་ངག་གི་ལོ་མ་རེ་རེའི་ངོས། ལེགས་བཤད་ཀྱི་

འབྲས་བུ་རེ་རེའི་ངོགས། སྦྱོར་ཀློག་གི་གཤོག་ཟུང་བརྐྱངས་ནས་དབྱངས་རྟ་ཡི་འཕུར་ལྡིང་ལྷོད་པའི་ཕྱེ་ལེབ་རེ་རེ་ཡིན། དེ་དུས་ཀྱི་ཉི་ཟེར་རེ་རེ་ནི་ཤེས་རབ་དང་འགྲོགས་པའི་སློབ་གསོ་རེ་རེ་ཡིན་ཞིང་། དེ་དུས་ཀྱི་རླུང་བུ་རེ་རེ་ཡང་དྲན་སྐུལ་ལ་བསྡེབས་པའི་བྱམས་བརྩེ་རེ་རེ་ཡིན། དགེ་སློབ་མཉམ་དུ་ཡོད་པའི་ང་ཚོ། ཉི་ཤར་ཆར་འཇམ་འཐོར་བའི་ནམ་ཟླ་ཁྱད་པར་བ་ཞིག་ཏུ་མཛེས་སྡུག་གིས་འཚོ་བའི་མེ་ཏོག་ལྷས་མ་ཞིག་དང་འདྲ་བར། ཉི་ཟེར་དང་ཆར་འཇམ་གྱི་བྱམས་བརྩེའི་འོག་བདེ་སྐྱིད་དང་དགོད་སྒྲའི་རྐང་དྲུག་འདུ་ཞོར། བློ་རིག་དང་ཡོན་ཏན་གྱི་ཟེའུ་འབྲུ་འབུས་ནས་ལེགས་སྐྱེས་དང་སྤྱོད་བཟང་གི་དྲི་ངད་འཐུལ་མྱོང་། དེ་རིང་། ཡིད་ཡུལ་དུ་འཚོ་བའི་སྣང་ཤས་ཀྱི་རི་མོ་འདིས་ཡང་ཡང་འཕག་འཚག་བྱས་དུས། ངའི་གོམ་ཕྱོགས་ཀྱང་རང་དབང་མེད་པར་ང་ཚོའི་སློབ་གྲྭ་ཡི་ཕྱོགས་སུ་ཤོར། སློབ་གྲྭ་ན། སློབ་ཁྲིད་ཀྱི་སྒྲ་དང་དཔེ་ཀློག་གི་དབྱངས། སློབ་ཁང་དང་བར་ཁྱམས་སོགས་སུ་དགོད་སྒྲ་དང་རྩེད་འཇོ་མ་འཇགས་པར་སྔར་བཞིན་གནས་ཡོད་ནའང་དེ་དག་ནི་ང་ཚོ་མ་ཡིན་ལ། དེ་རུ་བསྐྱར་དུ་ལྷགས་མི་སྲིད་པའང་ཐོན་ཟིན་པའི་ང་ཚོ་ཡིན། དེ་ལྟར་དྲན་ཞིང་དྲན་ན། འགྱོད་གདུང་གི་རལ་གྲི་རྣོན་པོ་ཞིག་ངའི་སྙིང་ཁམས་སུ་བསྣུན་པ་མ་ཡིན་ཡང་། བརྩེ་འདང་གི་ཚོར་འདུ་དེས་སེམས་སུ་སྐྱོ་ལྷང་ལྷང་དང་སྙིང་ཁམས་སུ་སྦྲིད་ཆི་ལེར། མིག་ཆུའང་ཁྲོམ་ཁྲོམ་དུ་བཞུར་ནུས་པར་བྱས་སོ། །

སློབ་གླིང་གི་ང་ཚོ། རིན་ཐང་གི་མཛོད་སྒོ་གང་ན་བློ་སྤོབས་ཆེན་པོས་མདུན་སྐྱོད་བྱེད་ཞོར་འཆར་ཡན་གྱི་བྲོ་བ་ལྕི་བའི་རྩེད་འཇོ་ཞིག་ཡང་དུ་རོལ་མྱོང་ངོ་།། དེ་རིང་། ཅོག་ཙེའི་སྟེང་གི་སློབ་དེབ་རྙིང་པ་འདིའི་ལྟེབ་ཆགས་ཤོར་བའི་ཚུགས་ཀ་དང་དྲེག་པའི་སྤབས་རྡུལ་གྱི་གཡའ་དང་ལྗན་ལྗིན་འདིས་འདས་དོན་གྱི་མཛེས་ལྗོངས་ལྟ་བར་འཁྲིད་ཞོར། ང་ལ་ད་དུང་དུས་ཚོད་ཀྱིས་ཁྱུར་མིད་བཏང་བའི་ཁྱེད་ཚོ་ཞེས་པ་ཞིག་ཡོད་ཚུལ་ཡང་ཡང་བཤད་བྱུང་། འོ། ང་ཡི་སྙིང་ཉེ་བའི་དགེ་སློབ་ཚོ། ཁྱེད་ཚོ་བདེ་ལགས་སམ། །



  • ལེ་ཚན་སྔོན་མ།:མི་དང་དཔེ་ཀློག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།