ཁྱབ་གདལ། 2023-11-10
བསོད་ནམས་དཔལ་འབྱོར་གྱི་འདུ་བ་མཚོ་ལྟར།།
སྙན་གྲགས་ངོ་སོ་ཡི་སྙན་པ་མཐོ་བའི།།
ཕྱུག་པོའི་ཁྱིམ་ཆེན་ཞིག་རིམ་བཞིན་གྱུར་ནས།།
དར་མའི་ན་ཚོད་ཅིག་རིམ་བཞིན་གྱུར་འདུག།
བྱང་སྟོད་རྩྭ་སྐྱ་ཡི་ལུང་ཁུག་དྲོན་མོར།།
དགྲ་གཉེན་ཆགས་སྡང་གི་གཡོ་ལང་ཆེར་འཁྲིགས།།
སྐྱོ་བའི་དངན་པ་ཞིག་གླུ་རུ་བཀུགས་ནས།།
གཞན་ཡུལ་འགྲིམས་པ་ཁྱེད་ངལ་བ་བྱུང་ངམ།།
མི་རྟ་བཅུ་གྲངས་ཀྱི་སྲོག་གི་གཤེད་མར།།
མཐུ་དང་ནུས་པ་ཡི་ཐོག་ཆར་ཕབ་ནས།།
མི་བསད་རྟ་འགྱེལ་གྱི་ལས་ལ་སྦྱོར་བའི།།
སྡིག་ཅན་གང་ཟག་ཁྱོད་ར་མདར་སྐྲག་གམ།།
མི་མེད་རྒྱུ་མེད་ཀྱི་མ་བུ་གཉིས་ཀྱིས།།
ལྟོ་གོས་ངན་ངོན་གྱི་འཚོ་བར་འཐབ་ནས།།
མི་ཚེ་འཁྱོལ་ཐབས་ཀྱི་སྡིག་ལས་སྐྱོ་བོར།།
སེམས་མེད་བུ་ཆུང་གི་སེམས་ཀྱིས་ཚོར་རམ།།
ཚེ་སྲོག་མི་རྟག་གི་འཇའ་ཚོན་རི་མོ།།
འཆི་བདག་གཤིན་རྗེ་ཡི་ཞགས་པས་བཅིངས་ཏེ།།
ཕྱི་མའི་བཤུལ་ལམ་ལ་གཅིག་པུར་སོང་བའི།།
མ་རྒན་བགྲེས་སོང་དེ་སྙིང་ནས་དྲན་ནམ།།
དཀར་ནག་ལས་འབྲས་ཀྱི་རྟེན་འབྱུང་ཟབ་མོར།།
ངེས་པ་གཏིང་ཚུགས་ཤིག་ཡིད་ལ་འཁྲུངས་ནས།།
བྱ་བཏང་རྣལ་འབྱོར་གྱི་སྒོམ་ཚུགས་འཛིན་པའི།།
སྒོམ་ཆེན་མི་ལ་ཁྱོད་སྙིང་རུས་ཆེ་འམ།།
ཙག་དང་བསེར་བུ་ཡི་ཤུགས་གླུ་རིང་མོར།།
བག་ཡངས་རི་དྭགས་ཀྱི་ཚོགས་ཀྱང་གཡོལ་འདུག།
མི་མེད་ལུང་སྟོང་གི་བྲག་ཕུག་ཅིག་ཏུ།།
སྐྱ་ཆད་སྔོ་སྡུག་གི་འཚོ་བ་དཀའ་འམ།།
ངེས་མེད་དབེན་པ་ཡི་ས་སྟོང་ལུང་སྟོང་།།
ངལ་བའི་རྐང་འགྲོས་ཀྱི་དར་སྐུད་དཔྱངས་ནས།།
དལ་བའི་རྟེན་བཟང་ལ་སྙིང་པོ་འཇོག་མཁས།།
ཆོས་པ་རྣམ་དག་ཁྱེད་རྟོགས་པ་མཐོ་འམ།།
ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་འགྲུབ་པ།།
གཅིག་ཤེས་ཀུན་གྲོལ་གྱི་མན་ངག་ཟབ་མོ།།
དཀའ་སྤྱད་སྡུག་རུས་ཀྱིས་ཉིན་མཚན་བསྒོམས་པས།།
རྣམ་གྲོལ་འབྲས་བུ་ཡི་ས་དེ་རིང་ངམ།།
འཛད་མེད་འཁོར་བ་ཡི་དགའ་སྐྱོ་ཆགས་སྡང་།།
ཟིན་མེད་འཇིག་རྟེན་གྱི་བྱ་གཞག་ཆེ་ཕྲ།།
གང་ཡང་བོར་བ་ཡི་འདུ་ཤེས་ཟབ་མོས།།
གཅིག་པུར་སྡོད་པ་ཁྱོད་ལྟ་བ་བཟང་ངམ།།
འོད་གསལ་དོན་དམ་གྱི་ནམ་མཁའ་ཡངས་མོར།།
ལྟ་བ་མཁའ་ལྡིང་གི་གཤོག་པ་ཟུང་གིས།།
ཅིར་ཡང་རྩེན་པ་ཡི་ལྟ་སྒོམ་ཟབ་མོར།།
འཕགས་ཡུལ་པཎ་གྲུབ་ཀྱིས་སྒྲིན་པ་མཆིས་སམ།།
དེ་ལྟར་མཛད་པ་ཡི་དར་སྐུད་རིང་མོ།།
ཤར་ནུབ་བར་མཚམས་ཀྱི་མཁའ་ལ་བྲེས་ནས།།
དཀར་དམར་འཇའ་སྤྲིན་གྱི་བང་རིམ་བརྟོལ་ནས།།
བདེ་བར་གཤེགས་པ་ཁྱེད་རྗེས་སུ་རངས་སོ།།
རྩོམ་གསར། 10