སེམས་ན་འཚང་བའི་སྦས་གཏམ་མངོན་གྱུར་མ།

རང་མདངས།        2023-12-08

ཚེ་འདིར་ཁྱོད་དང་འདྲིས་པ་དགའ་བ་ཆེ་སྟེ། །

ཁྱོད་ཉིད་གཞན་གྱི་བདག་མོ་ཡིན་པ་དྲན་དུས། །

མིག་ནས་མཆི་མ་འཁྲུགས་ཏེ་ངུ་ངག་མེད་ཀྱང་། །

སེམས་ན་སྐྱོ་བའི་རྨ་ཁས་རབ་ཏུ་བརྡུངས་བྱུང་། །

ཤ་དང་རུས་པའི་གཉེན་རྒྱུད་འུ་གཉིས་མཆེད་ཀྱང་། །

དགའ་ཞེན་སེམས་ཀྱི་འཆར་ཡན་དྲག་ཏུ་ལྡང་བས། །

ཉེ་འདུན་མཛའ་བའི་བློ་སེམས་ཡིད་དུ་མེད་པར། །

དུང་གཏམ་སྙིང་དུ་འཚང་བ་ཐེངས་གཅིག་མ་ཡིན། །

འུ་གཉིས་དཀའ་སྡུག་སྐྱོད་པས་ཁྱིམ་ཚང་ཞིག་ཏུ། །

མ་བཅོས་འཛུམ་ཞལ་ལྷུགས་མེར་འཚོ་ཐབས་མེད་ཀྱང་། །

དུང་སེམས་གསང་བའི་འཇིག་རྟེན་ཆུང་ཆུང་ཞིག་ཏུ། །

མཉམ་འཛོམས་ལོ་ཟླའི་རིམ་པ་བགྲོད་ནས་འགྲོ་ཆོག །

ཕན་ཚུན་སྦས་གཏམ་རེ་རེས་ལྐོག་གྱུར་གཞལ་བས། །

ལོ་དང་ཟླ་བ་བརྒྱུད་པའི་སེམས་ཀྱི་ཞེ་འདང་། །

གཅིག་སེམས་གཅིག་ལ་བཞག་པ་སྔ་ནས་ཡིན་ཡང་། །

ངག་ཚིག་འགྱུར་ཁུག་ཅིག་ཏུ་མ་ཐོན་ལུས་སྐད། །

མི་མངོན་དུང་སེམས་ཐིག་ལེའི་ཆོས་ཀྱི་གཤིས་ལ། །

ཚོར་བ་རྒྱ་ཡན་རི་མོ་གསུབ་ཏུ་མེད་པ། །

ཕྲ་ཆུང་ཉེ་འདབས་འཁོར་ལ་ཡང་ཡང་དཀྲིས་པས། །

དགའ་ཞེན་བྱམས་པའི་མེ་ལོང་ཁྱོད་ལ་གསལ་ཡོད། །

ཁྱོད་ཀྱི་བརྩེ་སེམས་དྲོན་མོ་ང་ལ་ཡོད་ན། །

ང་ཡི་དུང་བ་དམར་པོ་ཁྱོད་ལ་ལོས་ཡོད། །

ངེད་གཉིས་སེམས་སོང་མེ་ཏོག་གཅིག་ཏུ་འཐིམ་ན། །

ཡིད་ཀྱི་བདེ་དགའི་སྣང་བ་ལོངས་སུ་སྤྱོད་ཆོག །

ཚེ་གཅིག་སྒྱུ་ལུས་ཕུང་པོས་ལྟ་ལྟ་རིག་རིག །

འཁོར་བ་རྒྱ་མཚོར་འགྲུལ་བའི་ལས་འཕྲོ་མེད་ཀྱང་། །

མི་སྣང་གསང་བའི་འཇིག་རྟེན་ཡ་ཆུང་གཏིང་ན། །

བདེ་སྡུག་གོམས་པའི་ལོ་ཟླ་མུ་ནས་བརྒལ་འགྲོ། །

ཚིག་མཐར་སྨོན་ལམ་ལན་གཅིག་བཏབ་པ་འདི་ཉིད།

གཤིན་རྗེའི་རྣ་བའི་ཡུལ་དུ་ཐོས་པར་གྱུར་པས། །

ཕྱི་མ་ཕྱི་མའི་མི་ཚེ་རེ་རེ་དེ་ལ། །

ཁྱོད་དང་མཉམ་འཛོམས་སྨོན་པ་ང་ཡིས་བཏབ་ཡོད། །



  • ལེ་ཚན་སྔོན་མ།:བྱེའུ་སྐད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།