ཁ་བ། གཡུ་འབྲུག་སྔོན་མོའི་འབབ་ཀ།

        2023-11-20

མདང་ནུབ་ཉལ་ཁར་སློབ་གླིང་དུ་ཁ་བ་འབབ་བཞིན་འདུག་མོད། ཁ་བ་ནི་དཔྱིད་དགུན་གཉིས་ཀྱི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ལགས་པས་དེ་ཙམ་དོ་སྣང་མ་བྱས་ལ་ཅི་བྱེད་འདི་བྱེད་ཀྱང་མེད་པ་འདྲ། ད་ནངས་ཡར་ལངས་ཏེ་རང་ཤག་མདུན་ནས་ཡུལ་གྲུ་འདིའི་གཡས་གཡོན་ཕར་ཚུར་ཀུན་ཏུ་མིག་ཉུལ་ཐེངས་གཅིག་བྱས་པ་ན་གྱེར་ཟ་གཡུང་དྲུང་ལྷུན་པོའི་སྟོད་སྨད་བར་གསུམ་ཚང་མ་དཀར་བང་བང་ཞིག་ཏུ་གྱུར། སྒོ་འགྲམ་དུ་སྐྱེས་པའི་ཤུག་པའི་ཡལ་ག་དག་ཀྱང་ཁ་བའི་ཁུར་གྱིས་དུད་ནས་ཐུར་དུ་དཔྱངས། འདི་ལྟ་བུའི་ཁ་བ་ཆེན་པོ་ཞིག་མ་ཡུམ་སློབ་གླིང་དུ་ལོ་སྔོན་མའི་དགུན་ཟླ་གསུམ་ལའང་བབས་མྱོང་མེད་པས་ང་དང་གྲོགས་པོ་དག་ཧ་ལས་ཤིང་ཧང་ཡང་སང་། སྐད་འཕྲིན་ལ་བལྟས་པ་ན་གུས་པའི་གྲོགས་ཚོམས་ནི་ཁ་བའི་པར་དང་བརྙན་གྱིས་གང་ཚར། ལ་ལས་ཁ་བ་ཅན་གྱི་གྲོགས་པོ་ཐོན་འདུག་ཅེས་བསྟོད་བསྔགས་རྗོད་བཞིན་འདུག་ལ། འགའ་རེས་ཁ་རྗེ་ཁ་བ་འབབ་འབབ། དབང་ཐང་བུ་ཡུག་འཚུབ་འཚུབ། ད་ལོ་ལས་ཀྱི་འགོ་ལ་རྟེན་འབྲེལ་ཡག་སོང་ཞེས་དགའ་བའི་རྟགས་བསྟན། ཁ་ཅིག་གིས་འགྲོ་ལམ་བཀག་པ་དང་ཡིད་མུག་པའི་ཚུལ་ཡང་མངོན་འདུག། གང་ལྟར་ཁོང་ཚོས་ཁ་བ་ལ་དོར་སྣང་ཆེན་པོ་བྱེད་ཀྱིན་འདུག་ཀྱང་ངས་ནི་དྲྭ་རྒྱབ་ཏུ་ཁ་བ་དང་འབྲེལ་བའི་པར་བརྙན་གང་ཡང་མ་བཞག་པར་རང་སར་བསྐྱུར་བ་ཡིན།

བདག་གི་རྣམ་རྟོག་གི་རྟ་ཕོས་འཚེར་སྐད་ལྷང་ལྷང་སྒྲོག་ཅིང་སྣང་བའི་རི་ལུང་ཐང་གསུམ་བང་གིས་བརྒྱུགས་ཏེ་གོམ་མཚམས་མི་འཇོག་པའི་རྒྱུ་རྐྱེན་ནི་ཁ་བ་ཆེན་པོ་འདིས་བྱས་པ་མིན་པར་མདང་ནུབ་གྲགས་པའི་འབྲུག་སྒྲ་དེ་རེད། འཇུག་ཤེས་ནང་དུ་བསྡུས་ཏེ་གཉིད་ཀྱི་གྲོང་ཁྱེར་དུ་འགྲོ་ལ་ཉེ་སྐབས་ཡིན་པས་སྐར་མ་ག་ཚོད་ཡིན་མིན་ཏག་ཏག་ཅིག་གསལ་ཆ་མི་འདུག་ཀྱང་། ༢༠༢༣ལོའི་ཟླ་གསུམ་པའི་ཡར་ཚེས་དགུ་སྟེ་བོད་ཟླ་དང་པོའི་ཚེས་པ་བཅུ་བདུན་གྱི་མཚན་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ལྔ་བཅུའི་ཡས་མས་སུ་འབྲུག་སྒྲ་ལྡི་རི་རིར་གྲགས་བྱུང་། རྫ་ཆུ་སྔོན་མོའི་ཕར་ཕྱོགས་ཀྱི་སྲིབ་རི་ནགས་ལ་གནས་བཅས་པའི་བྱ་ཝང་ཚོགས་ཀྱང་གཉིད་ལས་བསླངས་ཏེ་སྐད་རྒྱག་པ་ཐོས། བྱ་ཚོགས་ཀྱིས་ཇི་ལྟར་བསམ་གྱིན་ཡོད་པ་ཤེས་པ་དཀའ་ན་ཡང་སྐད་ཅིག་མ་དེར་ང་ལ་མཚར་སྣང་ཤུགས་དྲག་ཅིག་བྱུང་བ་བརྗེད་མེད་ཀྱང་རྗེས་ནས་གསལ་ཆ་མི་འདུག། མིག་ཕྱེ་ནས་ལྟ་དུས་ནམ་ཡོངས་སུ་གསལ་ཚར།

ང་ནི་དཔྱིད་ཀ་ཉེར་ལྔ་ལྷག་བརྒལ་ཟིན་ཡང་ངའི་དྲན་ངོགས་སུ་འབྲུག་སྒྲ་འདི་ལྟར་དུས་ཚོད་སྔ་མོ་ཞིག་ནས་གྲག་པ་མཐོང་ཐོས་དྲན་རིག་གང་ཡང་མ་བྱུང་། གཅིག་བྱས་ན་ཨ་མ་མ་གཏོགས་ངོ་མི་ཤེས། སྒོ་ཐེམ་མ་གཏོགས་བརྒལ་མ་མྱོང་བའི་དཔེ་ལྟར་མཐོང་རྒྱ་ཐོས་རྒྱ་ཁབ་མིག་ལས་དོག་པས་ཡིན་ཡང་སྲིད། གང་ལྟར་དེ་རིང་ང་ལ་མདང་ནུབ་ཀྱི་འབྲུག་སྒྲ་དང་འབྲུག་སྒྲ་དང་འབྲེལ་བའི་དོན་དག་ཡིད་ལ་འཁོར་ཞིང་དྲན་པར་བྱེད། ཐ་ན་ངས«༢༠༢༠ལོའི་འབྲུག་གྲག་པ»ཞེས་པའི་རང་མོས་སྙན་ངག་ཅིག་བྲིས་པ་དྲན་ལ་སྙན་ངག་དེར་“ཉིན་གུང་ངོ་འཕྲད་སྐབས་མུན་རུབ་མེད་ཀྱང་། ཉི་མ་ཡང་དེ་ཙམ་གསལ་རྒྱུ་མི་འདུག ངས་འུ་གཉིས་ལའང་རྣང་ཞིང་ལྟ་བུའི་ལྗོན་པ་འབུས་ཆོག་ཆོག་གི་སོས་ཀ་ཞིག་ཡོད་མེད་བལྟས། གྱེར་ཆུང་སྐྱེས་རི་ལ་སྤྲིན་ནག་འཐིབས་པ་དེས་ངའི་བླ་སྲོག་བྲེག་མི་བཏུབ་ཀྱང་། དོན་ལྔ་སྣོད་དྲུག་གི་བར་དུ་མི་སྡུག་པའི་བྱད་ལྟས་འཚངས། མུན་ནག་ལ་ཅེར་ཏེ་ངུ་བཞིན་སྡོད་སྐབས་འབྲུག་སྒྲ་ལྷང་ལྷང་དུ་གྲགས་བྱུང་། འབྲུག་སྒྲ་ལྷང་ལྷང་དུ་གྲག་པ་དེས་ཀྱང་། མི་ཞིག་གི་ཚ་གྲང་གི་སྡུག་བསྔལ་འཇགས་མི་ཐུབ་ཀྱང་། འབྲུག་སྒྲ་དང་ལྷན་དུ་གྲག་པའི་ཁྱོད་ཀྱི་ལུས་ངག་གི་རིག་བྱེད་ཀྱིས་ང་ལ་དབྱར་ཟླ་ལྔ་པའི་རྩྭ་ཐང་གི་དབུ་ཁྱུད་བྲིས་བྱུང”ཞེས་བྲིས་ཡོད་པ་དྲན་ཡོང་། རྩོམ་ཡིག་འདི༢༠༢༠ལོའི་ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་གྱི་ཁམས་པའི་ཚགས་པར་དུ་བཀོད་ཡོད།

ལྷོ་ཁ་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་བསྒྲིགས་པའི«སྲོལ་རྒྱུན་གནམ་གཤིས་བརྟག་ཐབས་མེས་པོའི་ཞལ་རྒྱུན»ལྟར་ན་ལོ་རེ་རེའི་འབྲུག་སྒྲ་གྲག་ལུགས་གྲག་སྟངས་ལ་ལེགས་ཉེས་བཟང་ངན་གྱི་རྟགས་དང་རྟེན་འབྲེལ་མང་པོ་ཞིག་བལྟ་རྒྱུ་ཡོད། དཔེར་ན་ཆེས་ཐོག་མའི་འབྲུག་སྐད་དེ་ལྷོ་ནུབ་ནས་བརྒྱབ་ན་ཞན་པར་བརྩི་བ་དང་བྱང་ཤར་ནས་བརྒྱབ་ན་ལེགས་པར་བརྩི་བ། དེ་བཞིན་འབྲུག་སྐད་ཐོག་མ་ནུབ་ནས་བརྒྱབ་པ་ཡིན་ན་འབྲུག་སྐད་ཆུ་འགོར་བརྒྱབ་ཅེས་ཆར་ཆུ་ལེགས་པར་བརྩི་བ་ལྟ་བུ་འབྲུག་སྐད་གྲག་པའི་ཕྱོགས་ལ་བརྟགས་ནས་ལེགས་ཉེས་བརྟག་རྒྱུ་ཡོད་མོད། གལ་ཏེ་ང་ལ་མི་ཞིག་གིས་མདང་ནུབ་ཀྱི་འབྲུག་སྒྲ་དེ་ཕྱོགས་གང་ནས་གྲག་པ་རེད་ཅེས་དྲི་ན། ང་ལ་དྲིས་ལན་ཞིབ་མོ་ཞིག་ཞུ་རྒྱུ་མི་འདུག་སྟེ་གུས་པའི་རང་ཤག་གི་སྟེང་ངམ་ཡང་ན་གནམ་གྱི་གཞུང་ལས་གྲགས་བྱུང་ཞེས་དགོད་བཞིན་བཤད་རྒྱུ་མ་གཏོགས་ཕྱོགས་བཞི་མཚམས་བརྒྱད་གང་ལས་གྲག་པ་གཏན་ནས་གསལ་ཆ་མེད་སྟབས། ང་ལ་འབྲུག་གྲག་པའི་ཕྱོགས་ལས་མཐོང་བའི་ལེགས་ཉེས་ཀྱི་ལྟས་བཟང་ངན་ནི་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པར་གྱུར། ལྷག་ཏུ་མགོ་བོ་རྨོངས་སུ་འཇུག་པ་ནི་གནམ་གཤིས་བརྟག་ཐབས་སུ་འབྲུག་སྐད་ཐོག་མ་བརྒྱབ་པ་དང་ཁ་ཆར་མང་པོ་བབས་ན་འབྲུག་བཞོ་མ་རེད་ཅེས་ལོ་དེར་ཆར་ཆུ་ལེགས་པར་བརྩི་བ་དང་། འབྲུག་སྐད་ཆུང་ན་ཆར་ཆུ་ཆེ་བར་བརྩི་བ་གཉིས་ཀྱིས་མཚན་ལྟས་ཅི་ལྟ་བུ་ཞིག་འཛིན་དགོས་པ་བདར་ཐག་མི་ཆོད་པར་ཡིད་གཉིས་ཀྱི་ནང་དུ་ལྷུང་། མདང་ནུབ་གྲག་པའི་འབྲུག་དེ་ཕོ་འབྲུག་མོ་འབྲུག་དང་འབྲུག་བཞོ་མ་དང་འབྲུག་བསྐམ་མ་གང་ཡིན་མི་རྟོགས་ཀྱང་། འབྲུག་སྐད་གྲག་པ་དང་བསྟུན་ནས་ཁ་བ་ཆེན་པོ་འབབ་ལུགས་ལ་བལྟས་ན་རྟགས་མཚན་ལེགས་པ་དང་། ཡང་འབྲུག་སྐད་ཆུང་ངུར་གྲག་པ་ལ་བརྟགས་ན་ཆར་ཆུ་ཧ་ཅང་ཆེ་བས་མི་ལེགས་པ་མངོན་པ་སོགས་ཕྱོགས་གཅིག་ནས་བཟང་ལ་ཟུར་ཞིག་ནས་ངན་པས་ཆ་མི་འཚལ།

ང་རང་བྱིས་པ་ཡིན་ཞིང་དགུན་མཚེར་ནང་དུ་ཨ་མའི་གམ་དུ་ཡོད་པའི་སྐབས་དེར། ཨ་མ་ལགས་ཀྱིས་ང་ལ་ཁ་བ་དང་འབྲེལ་བའི་ཞལ་གསུང་མང་པོ་འབྱིན་མྱོང་། ད་ལྟ་དྲན་ངོགས་ནས་ཡལ་མེད་པར་བག་ཆག་མཐུག་ཤོས་ཤིག་ནི། ཨ་མ་ལགས་ཀྱིས་ང་ལ་དཔྱིད་ཀར་ཁ་བ་འབབ་པ་ནི་བྱ་འབབ་བྱེའུ་འབབ་ཡིན་ཟེར། འབྲུག་འབབ་འཕྱི་འབབ་ཡིན་ཟེར། དུས་ཚིགས་འདིར་ཁ་བ་ཐེངས་རེར་བབས་རྗེས་བྱ་བྱེའུ་འབུ་སྦྲང་ལྟ་བུའི་སེམས་ཅན་གསར་བ་རེ་གནས་འདིར་ཡོང་ཞིང་སྐྱེ་དངོས་གསར་བ་རེ་གནས་འདིར་སྐྱེས་པ་ཡིན་པས། དཔྱིད་ཀར་ཡོང་ཞིང་དབྱར་ཀ་མ་གཏོགས་མི་འདུག་པའི་སྲོག་ཆགས་དག་གིས་དགུན་ནམ་རིང་མོ་བརྒལ་བའི་ཕྱི་སྣོད་འཇིག་རྟེན་དང་ནང་བཅུད་སེམས་ཅན་ལ་གནང་བའི་འབབ་ཀ་ཡིན་ཟེར། དཔྱིད་དཔལ་གྱི་ལེགས་སྐྱེས་ཡིན་ཟེར། ཨ་མས་གསུངས་པ་ལྟར་ཏག་ཏག་དེ་རིང་འབྲུག་འབབ་གནང་བཞིན་འདུག། མྱུར་དུ་དཔྱིད་ཀྱི་དཔལ་མོ་རྒྱས་པའི་དགེ་མཚན་འབར་གྱིན་འདུག། ཏག་ཏག་དེ་རིང་འབྱོར་བའི་རྩོམ་ཡོན་གཉིས་ཀྱང་གནམ་ལོ་གསར་བའི་ནང་གསར་རྩོམ་མེ་ཏོག་བཞད་པའི་གྲོགས་སུ་དགུང་གཡུ་འབྲུག་སྔོན་མོས་འབབ་ཀ་གནང་བ་ཡིན་ངེས། ཨ་མ། མ་ཡུམ་སློབ་གླིང་དུ་སློབ་སྐབས་གསར་པ་ཚེས་པ་དང་བསྟུན་ནས་དཔྱིད་དཔལ་བསླེབ་ལ་ཉེ་ཞིང་བུ་ཆུང་ང་ཡང་བདེ་ཐང་གིས་འཚར་ཏེ་རིག་པའི་གནས་ལ་གཞོལ་གྱིན་ཡོད། ཨ་མ་ལགས། དེ་རིང་ཁྱེད་ཉིད་ལྷག་ཏུ་དྲན།

རྩོམ་པ་པོ། གཞི་ཚང་ཟླ་བ་གྲགས་པ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:གང་འདྲ་བྱས་ན་སྤྲོ་སྣང་འཕེལ་ཐུབ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།