ངའི་སྙན་ངག་ནི་ཨ་མ་ཡིན།

འཇང་འཛུམ་ཟེར།        2023-11-17

པད་དཀར་ཟླ་བའི་གདན་ལ། །

བྱམས་པའི་ཞལ་རས་འཛུམ་ཞིང་། །

བརྩེ་བའི་སྤྱན་དཀྱུས་ཡངས་པའི། །

རྗེ་བཙུན་སྒྲོལ་མར་འདུད་དོ། །

མི་ཡུལ་འཇིག་རྟེན་འདི་རུ། །

ལྷད་མེད་བྱམས་པས་གཉོར་ཞིང་།།

བརྩེ་བའི་ཕྱག་ཟུང་བརྐྱངས་མཁན། །

དྲིན་ཆེན་ཨ་མ་ཁྱེད་ཡིན། །

ཨ་སྔོན་དྭངས་པའི་ངོགས་སུ། །

ཟླ་བའི་འོད་གོར་འདྲ་བའི། །

བཀའ་དྲིན་བདུད་རྩི་འཐོར་བ། །

དྲིན་ཆེན་ཨ་མ་ཁྱེད་ཡིན། །

ནམ་མཁའི་སྐར་ཚོགས་ཁྲོད་ན། །

མཛེས་པའི་སྐར་ཆེན་བཞིན་དུ། །

མིག་ཟུང་ཆེམ་ཆེམ་འགུལ་བ། །

དྲིན་ཆེན་ཨ་མ་ཁྱེད་ཡིན། །

ཆུ་ཤེལ་ག་འུ་སྟེང་གི །

བྱུ་རུའི་ཕྲ་རྒྱན་སྤྲས་འདྲའི། །

དུང་སེམས་རྒྱ་སེ་མེ་ཏོག །

དྲིན་ཆེན་ཨ་མ་ཁྱེད་ཡིན། །

སྔོ་ལྗང་ནགས་ཚལ་ཁྲོད་ཀྱི། །

ཆུ་སྐྱེས་འདབ་སྟོང་བཞད་འདྲ། །

བརྩེ་བའི་ཟེའུ་འབྲུ་དགོད་པ། །

དྲིན་ཆེན་ཨ་མ་ཁྱེད་ཡིན། །

འཆི་མེད་ལྷ་ལམ་དབྱིངས་སུ། །

སྐར་ཚོགས་ལམ་ལམ་ཤར་བར། །

དགུ་ཚིགས་སྟར་ལ་བརྒྱུས་པ། །

ཨ་མའི་ཚེམས་ཐག་ཨེ་ཡིན། །

བས་མཐའི་སྐྱེད་ཚལ་ནང་གི །

ཙན་དན་ལྗོན་པའི་འཁྲི་ཤིང་། །

ལྷག་བསམ་དྲི་བསུང་འཐུལ་བ། །

དྲིན་ཆེན་ཨ་མ་ཡིན་ནམ། །

ལྗོན་ཤིང་ཡལ་གའི་རྩེ་ལ། །

ལྷ་བྱའི་གྲེ་འགྱུར་སྙན་མོ། །

དོན་ལྡན་བསླབ་བྱ་གནང་བའི། །

དྲིན་ཆེན་ཨ་མ་ཁྱེད་ཡིན། །

ཕ་ཁྱིམ་གྲུ་བཞི་ནང་དུ། །

ཡ་ཆུང་སེམས་པ་འཁོར་ས། །

དྲོད་ཀྱི་མེ་ཕུང་དམར་པོ། །

དྲིན་ཆེན་ཨ་མ་ཁྱེད་ཡིན། །

མཛེས་པའི་ལྡུམ་ར་ནང་གི །

ཡིད་འོང་སྣ་བརྒྱའི་མེ་ཏོག །

བུང་བ་འཁོར་སའི་གཞི་མ། །

དྲིན་ཆེན་ཨ་མ་ཁྱེད་ཡིན། །

འཇིག་རྟེན་མུན་པའི་ཀློང་ནས། །

སྡུག་གི་མུན་པ་སེལ་བའི། །

སྣང་གསལ་ཉི་མ་གཞོན་ནུ། །

དྲིན་ཆེན་ཨ་མ་ཁྱེད་ཡིན། །

མཐོ་གསུམ་གངས་ཀྱི་རྩེ་ནས། །

སྤོབས་པའི་གད་རྒྱངས་སྒྲོག་པའི། །

ཞུམ་མེད་སེང་ཕྲུག་དར་མ། །

དྲིན་ཆེན་ཨ་མ་ཁྱེད་ཡིན། །

གནོན་ཤུགས་རི་བོ་འདེགས་ཤིང་། །

བདེ་སྐྱིད་ཁྱིམ་ལ་གནང་བའི། །

ཞི་བའི་དྲང་སྲོང་ཆེན་པོ། །

དྲིན་ཆེན་ཨ་མ་ཁྱེད་ཡིན། །

དཀའ་ངལ་རི་སྤྱང་མཆེ་བས། །

མནར་གཅོད་སྣ་རྒུ་བཏང་རུང་། །

གུ་ཡངས་སྙིང་ཕུར་བརྟན་པ། །

དྲིན་ཆེན་ཨ་མ་ཁྱེད་ཡིན། །

འཇིག་རྟེན་འཁོར་བའི་ནང་ལ། །

བརྩེ་བའི་འོ་མ་བསྐྱིལ་ཞིང་། །

བདེ་སྐྱིད་འཚོ་བ་སྐྱོང་མཁན། །

དྲིན་ཆེན་ཨ་མ་ཁྱེད་ཡིན། །

བདེ་སྐྱིད་ཡིད་བཞིན་ནོར་བུ། །

ཕངས་མེད་ཕྲུ་གུར་གནང་སྟེ། །

དཀའ་སྡུག་ཕྲག་ཏུ་ལེན་མཁན། །

དྲིན་ཆེན་ཨ་མ་ཁྱེད་ཡིན། །

འཇམ་མཉེན་བསིལ་བའི་རླུང་བུ། །

དལ་བུར་རྒྱུ་ཞིང་འོང་བ། །

བུ་ཕྲུག་གདུང་བ་འཇོམས་བྱེད། །

དྲིན་ཆེན་ཨ་མ་ཁྱེད་ཡིན། །

སོང་ན་ལག་གི་མཁར་བ། །

བསྡད་ན་མལ་ས་གྲུ་བཞི། །

འདོད་འཇོ་དཔག་བསམ་ལྗོན་པ། །

དྲིན་ཆེན་ཨ་མ་ཁྱེད་ཡིན། །

དཀར་གཙང་ཁ་བའི་འདབ་ལོ། །

ཉི་མའི་འོད་ཀྱིས་ཞུ་འགྲོ། །

རྟག་བརྟན་ཨ་མའི་ལྷག་བསམ། །

འགྱུར་མེད་གཏན་དུ་དཀར་པོ། །

དྲུག་འགྱུར་དབྱངས་ཀྱི་རྒྱུད་སྐུད། །

སོར་མོའི་འདེགས་འཇོག་ཙམ་རེད། །

མི་འགྱུར་སྙན་ངག་གསོན་པོ། །

ཨ་མའི་བསླབ་བྱ་དངོས་རེད། །

ཀེ་ལ་ཤར་རིའི་རྩེ་ནས། །

རྟ་ལྗང་ལང་ཚོ་འཛུམ་འདྲའི། །

གདུང་བའི་མུན་པ་སེལ་མཁན། །

དྲིན་ཆེན་ཨ་མ་ཁྱེད་ཡིན། །

མཚན་ལྗོངས་ཟླ་བའི་འོད་ཀྱིས། །

ཀུ་མུད་ལང་ཚོ་བསྐྱངས་ནས། །

བསིལ་བས་ཚ་གདུང་སེལ་མཁན། །

དྲིན་ཆེན་ཨ་མ་ཁྱེད་ཡིན། །

ཁ་བ་གནམ་ནས་བབས་ཤིང་། །

འདབ་མ་ས་ལ་འཐོར་དུས། །

སེམས་ཀྱི་གངས་ལྷ་མེ་ཏོག །

ཨ་མ་ཁྱེད་རང་ཡིན་ནམ། །

ས་ཆེན་ཁ་བས་བརླན་ཞིང་། །

རི་ལུང་སྔོ་མདངས་རྒྱས་དུས། །

དཔྱིད་ཀྱི་ཁུ་བྱུག་གཞོན་ནུ། །

དྲིན་ཆེན་ཨ་མ་ཁྱེད་ཡིན། །

རྒྱ་གར་ཤར་གྱི་ནེ་ཙོ། །

སྨྲ་བ་མཁས་ཀྱང་དུད་འགྲོ། །

ཚོར་བའི་སྙན་ངག་གསོན་པོ། །

དྲིན་ཆེན་ཨ་མ་ཁྱེད་ཡིན། །

འགྱུར་མེད་གཏན་གྱི་བརྩེ་བ། །

ལྷུན་པོ་ལས་ཀྱང་བརྟན་པ། །

འཚོ་བའི་རྒྱབ་རི་ངོ་མ། །

དྲིན་ཆེན་ཨ་མ་ཁྱེད་ཡིན། །

མི་ཚེའི་རྐང་རྗེས་ནང་ལ། །

ངལ་བའི་ཁྲག་གི་ཐིགས་པ། །

བུ་ཚའི་དོན་དུ་མྱོང་མཁན། །

དྲིན་ཆེན་ཨ་མ་ཁྱེད་ཡིན། །

ཨ་མའི་སེམས་པ་དཀར་པོ། །

རབ་དཀར་ཁ་བའི་མདངས་རེད། །

དུང་བའི་སེམས་པ་དམར་པོ། །

ཟུངས་ཁྲག་དྲོན་མོའི་དྭངས་མ། །

ཨ་མའི་ལང་ཚོའི་འཁྲི་ཤིང་། །

ལོ་ཟླའི་ཁྲོད་ནས་གུག་སོང་། །

དབུ་སྐྲ་རྒྱ་ལྕང་ལོ་མ། །

དུང་གི་ཕྱེ་མས་བཀབ་སོང་། །

ནུབ་རིའི་ནམ་མཁའི་ངོགས་སུ། །

མཚམས་སྤྲིན་ལང་ལོང་ཕག་ནས། །

ཉི་མས་ཕྱི་མིག་ལྟ་དུས། །

ཨ་མའི་མི་ཚེ་དྲན་སོང་། །

ཞོགས་པའི་ཅོང་བརྡའི་འོག་ནས། །

འཇིག་རྟེན་མིག་ཟུང་ཕྱེ་དུས། །

ཐོ་རངས་སྐར་ཆེན་འཛུམ་འདྲའི། །

ཨ་མའི་བྱམས་བརྩེ་དྲན་སོང་། །

ཆུ་སྐྱེས་སྒེག་ཉམས་གྲོལ་དུས། །

རྐང་དྲུག་འཛུམ་པ་མ་གནང་། །

ཨ་མ་བརྩེ་བའི་བདག་མོའི། །

མིག་ཆུ་ཡིད་ལ་འཁོར་ཡོང་། །

ཚོར་བའི་ལྡུམ་ར་ནང་གི །

བརྩེ་བའི་གཡུ་སྦྲང་གཞོན་ནུ། །

འཕུར་ལྡིང་གར་ལ་རོལ་དུས། །

ཨ་མའི་འཛུམ་མདངས་དྲན་ཡོང་། །

བསམ་ན་སེམས་སུ་མི་ཤོང་། །

བྲིས་ན་རྒྱན་གྱིས་མི་འདང་། །

བརྗོད་མེད་ཚོར་བས་བཏུས་པའི། །

སྙན་ངག་ཨ་མ་ཁྱེད་ཡིན། །


  • ལེ་ཚན་སྔོན་མ།:ཐད་ཀྱི་རི་རྩེ་རུད་པ།
  • ལེ་ཚན་རྗེས་མ།:སེམས་ཚོར་ཐར་ཐོར།