འཕུར་སྐྱོད། 2023-11-17
དབུས་ཀྱི་མེ་ཏོག་གོར་གོར་གྱིས།།
འཇའ་ཚོན་ནང་ནས་རེ་སྒུག་བྱེད།།
ཐང་ནས་ཐང་དཀྱིལ་ཉུལ་བ་ན།།
ཐང་གི་མཛེས་ཉམས་ད་གཟོད་རྙེད།།
ཐང་སྟོང་ངུ་ཤུམ་བྱེད་ཤུལ་དབུས།།
པདྨའི་འཛུམ་ཀོང་སྙིང་ལ་སྡུག།
པད་དཀར་འདི་ཉིད་དུས་མཐའ་ཡི།།
དྲན་རྟེན་གསོན་པོ་ཡིན་འཆར་གྱིས།།
པར་ཆུང་ནང་གི་མགུར་རིས་བཞིན།།
ཡང་ནས་བསྐྱར་དུ་དགོད་ཙམ་བྱེད།།
གང་ལྟར་ཁྱོད་རང་བསྐྱུར་ཚིས་སུ།།
སྟོང་ཉིད་གཟུགས་ལ་འགྲོགས་འགོ་བརྩམས།།
སྟོང་པའི་མེ་ལོང་གོར་གོར་ནང་།།
སྟོང་ཉིད་དགའ་མ་ཁྱོད་ལས་དབེན།།
ཕྱི་ནང་གསལ་བའི་དྲན་འཛིན་བཞིན།།
ལོ་བསྙལ་ཟླ་བསྙལ་དགུན་ཆང་ནང་།།
ཕར་ལ་ཧད་ཀྱིས་གཉིད་འདོད་ཀྱིས།།
བརྩེ་བའི་མེ་ཏོག་བཞད་པར་བྱེད།།
ཚུར་ལ་འཛུམ་མ་འཛུམ་ཙམ་གྱིས།།
གསེར་གདུབ་ཨ་ལོང་ཡང་ལོང་འདི།།
བདག་ཉིད་ཁོ་ནར་བྱིན་པར་མཛད།།
ད་ནི་རྣམ་རྟོག་རྦ་རླབས་རིང་།།
ཤུགས་ཀྱིས་འཕྱུར་བའི་བར་གླགས་སུ།།
ལྕགས་ཀྱི་ལྷམ་སྒྲོག་ཐུང་ངུ་དེ།།
མདུད་པའི་ལས་ལ་འབད་སྟབས་ཀྱིས།།
ངུ་སྙིང་ཆེན་པོའི་ངུར་སྨྲིག་གོས།།
རླུང་གིས་བསྒུལ་བར་ཚད་ཅིག་བྲལ།།
ཁྱོད་རང་ཁེར་རྐྱང་ལམ་དུ་བཞུད།།
མགོ་སྤུ་ཆད་པའི་དུས་ཚིགས་ནང་།།
ངོ་གདོང་དམར་པའི་འུ་གཉིས་ཀྱི།།
གཉེར་མ་འགུལ་འགུལ་བྱེད་ཡོང་ཚེ།།
དགའ་བ་སྟོང་གི་སོ་དཀར་དེ།།
ལན་གཅིག་ཡར་མར་ཤོར་དོགས་ཀྱིས།།
མཚན་སྨག་དེ་ཡི་ལས་དབང་ཡང་།།
ཧ་ཅང་ངལ་བའི་དབྱིངས་སུ་ཚུད།།
མིད་པ་ཚ་བའི་རས་གོས་དག།
ཤེལ་སྒོ་གས་པའི་ཚུགས་ཀ་ལྟར།།
བདག་ཡིད་ཆང་གིས་མནར་ན་ཡང་།།
ཧ་ཅང་འགོད་མེད་སེམས་སུ་འཚང་།།
དབྱིན་སྐད་ནང་གི་དྲན་གདུང་དེས།།
སྐྲ་ལོ་རེ་འགའ་དཀར་ལ་ཉེར།།
སྨིན་མ་སྟུག་པོ་དུད་ནས་ཐལ།།
ཚོར་སྣང་སྟོང་པའི་ཕོར་བུ་རུ།།
ལྕགས་ཐབ་ནང་གི་ངོ་རིས་ཟུང་།།
ཡོམ་ཡོམ་འདར་འདར་བྱེད་པ་ན།།
དྲན་པ་རུས་པའི་མིག་ཀོང་ནང་།།
དལ་གྱིས་དགོད་ཙམ་བྱེད་གྲབས་ཀྱིས།།
ཨ་ཕའི་མགོ་བོ་རྙིང་པ་འདི།།
ཡར་མར་ལྷ་ཡི་གོམ་དུ་འཐེན།།
འཐེན་སྟངས་རེ་ལ་དམྱལ་བ་རེ།།
དམྱལ་བ་རླུང་གིས་མནར་བ་ན།།
ཁྱོད་ཀྱིས་བྲིས་པའི་འཕྲིན་ལན་ནང་།།
ང་ནི་དབུས་ཀྱི་གྲིབ་རིས་ཏེ།།
ཉམ་ཐག་ཁྱོད་ཀྱི་དྲུང་དུ་དུད།།
གློ་བུར་དགའ་མདོག་སྟོང་ཞིག་བྱས།།
ད་ནི་ཁྱོད་ཀྱང་ངུ་སྙིང་མང་།།
རྩོམ་གསར། 10