ཁམས་རྟའུ་ཡི་དམངས་གླུ།

རྟའུ་རྒྱལ་མཚན།        2023-11-15

ཤར་བཞག་བྲ།

ཤར་བཞག་བྲ་མི་མཐོ་བཞག་ར་མཐོ། ཤར་བཞག་བྲའི་མགོ་ལ་གངས་ཀྱིས་བསྐོར།

ཤར་བཞག་བྲ་མི་མཐོ་བཞག་ར་མཐོ། ཤར་བཞག་བྲའི་སྐེད་ལ་སྨུག་པ་འཁྱིལ།

དེ་སྨུག་པ་མ་རེད་ལྷ་བསང་རེད། འགོ་དཔོན་པོ་འཛོམས་པའི་ལྷ་བསང་རེད།

ཤར་བཞག་བྲ་མི་མཐོ་བཞག་ར་མཐོ། ཤར་བཞག་བྲའི་འདབས་ན་གཡུ་མཚོ་འཁྱིལ།

དེ་གཡུ་མཚོ་མ་རེད་ཇ་ཆང་རེད། དྲིན་ཕ་མ་འཛོམས་པའི་ཇ་ཆང་རེད།

གླུ་ད་ཡ་ཅི་འཛོམས་སང་ཡང་འཛོམས། སང་ཡང་ཡང་འཛོམས་པའི་སྨོན་ལམ་ཤོག །

ཉི་མ་ལྷ་ས།

ས་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས། ས་སྐྱིད་པོ་ཉི་མ་ལྷ་ས་རེད། 

ནམ་སྐྱ་རེངས་ལངས་ཁར་ནང་ཇ་འཐུང་། གསེར་ཉི་མ་འཆར་ཁར་ཇོ་བོ་མཇལ། 

ས་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས། ས་སྐྱིད་པོ་ཨ་འགའ་ལི་ཐང་རེད།

གསེར་སེར་པོ་གྲོ་མ་བརྐོས་བརྐོས་རེད། དངུལ་དཀར་པོ་ཁ་བ་འབབས་འབབས་རེད།

ས་སྐྱིད་པོ་གཅིག་དང་སྐྱིད་པོ་གཉིས། ས་སྐྱིད་པོ་དར་རྩེ་མདོ་གྲོང་རེད། 

ཇ་ནག་པོ་རྫ་རི་ཞུགས་ཞུགས་རེད། དྲེལ་སྨུག་ཆུང་ཤ་བ་ཞོགས་ཞོགས་རེད། 

གླུ་ད་ཡ་ཅི་འཛོམས་སང་ཡང་འཛོམས། སང་ཡང་ཡང་འཛོམས་པའི་སྨོན་ལམ་ཤོག །

ཉི་མ་རི་ལ་ཤར།

གནམ་སྔ་དྲོ་ཉི་མ་རི་ལ་ཤར། རི་སེར་ཡག་ཆོས་གོས་རྣམ་གྲངས་རེད། 

གནམ་ཉིན་གུང་ཉི་མ་བྲག་ལ་ཤར། བྲག་དཀར་ཆུང་ལྷ་སྒོ་ཕྱེ་འདྲ་རེད།

གནམ་ཕྱི་དྲོ་ཉི་མ་ཆུ་ལ་ཤར། ཆུ་གཙང་ཆུ་ཡོན་ཆབ་བཤམས་འདྲ་རེད།

གླུ་ད་ཡ་ཅི་འཛོམས་སང་ཡང་འཛོམས། སང་ཡང་ཡང་འཛོམས་པའི་སྨོན་ལམ་ཤོག །

སྟོད་ཡུལ་ན།

སྟོད་ཡུལ་ན་རྫ་ཞིག་རིག་རྒྱུ་འདུག ། འབྲོང་བྲེ་ལུ་ཆགས་གི་ཕ་ས་རེད། 

ར་ཆ་གཉིས་ཆ་དར་འཛོམས་ས་རེད། སྐེད་ཕར་ན་ལྷེ་ཞིག་རིག་རྒྱུ་འདུག །

ངེད་རྒྱ་རྗེན་མེ་ཏོག་ལ་ཁ་རེད། རྟ་འདོ་བ་ཆགས་གི་ཕ་ས་རེད། 

རྨིག་ཆ་བཞི་ཆ་དར་འཛོམས་ས་རེད། སྨད་མར་ན་ནགས་ཤིག་རིག་རྒྱུ་འདུག །

ངེད་ནགས་ཡི་ནགས་བྲན་ཕྱུག་མོ་རེད། བྱ་ཁུ་ལོ་ཆགས་གི་ཕ་ས་རེད། 

སྐད་སྙན་མོ་བོད་ལ་གྲགས་ས་རེད། 

གླུ་ད་ཡ་ཅི་འཛོམས་སང་ཡང་འཛོམས། སང་ཡང་ཡང་འཛོམས་པའི་སྨོན་ལམ་ཤོག །

གླུ་ཡར་འཁྱིལ། 

གླུ་ཡར་འཁྱིལ་ཡར་འཁྱིལ་ཡ་ར་འཁྱིལ། ངེད་དངུལ་དཀར་དངུལ་དཀར་བུམ་པ་ཡར་རུ་འཁྱིལ།

ལྷ་བླ་མ་ཕྱག་ལ་ཚེ་འཁྱིལ་རེད། གླུ་ཡར་འཁྱིལ་ཡར་འཁྱིལ་ཡ་ར་འཁྱུས། ངེད་ཨ་བད་ར་གཉིས་ཡར་ར་འཁྱིལ། 

ནང་མདའ་རྫས་གནང་ནས་ཡར་ར་འཁྱིལ། མགོན་དཔོན་པོ་རྒྱབ་ལ་ཚེ་འཁྱིལ་རེད། 

གླུ་ཡར་འཁྱིལ་ཡར་འཁྱིལ་ཡ་ར་འཁྱིལ། ངེད་ཟང་དཀར་ཕྱོགས་སྒྲུག་ཡར་ར་འཁྱིལ། 

ངེད་འོ་མ་གང་ནས་ཡར་ར་འཁྱིལ། སྨད་བུ་མོ་ལག་ལ་ཚེ་འཁྱིལ་རེད། 

གླུ་ད་ཡ་ཆེད་འཛོམས་སང་ཡང་འཛོམས། སང་ཡང་ཡང་འཛོམས་པའི་སྨོན་ལམ་ཤོག །

ཤིང་རྩ་བ།

ཤིང་རྩ་བ་གཅིག་ལ་རྩེ་མོ་གསུམ། རྩེ་མོ་གསུམ་ལ་མེ་ཏོག་གསུམ།

མེ་ཏོག་གོང་མ་སྒང་ལ་མཆོད། ཁྱོད་ཁ་རྗེ་དབང་ཐང་སྒང་ལ་མཉམ།

མེ་ཏོག་གཅིག་དེ་བྲག་ལ་མཆོད། ཁྱོད་རྒྱབ་རི་བྲག་ལས་སྲ་བར་ཤོག །

མེ་ཏོག་གཅིག་དེ་ཆུ་ལ་མཆོད། ཁྱོད་ཚེ་ཐག་ཆུ་ལས་རིང་བར་ཤོག ། 

གླུ་ད་ཡ་ཅི་འཛོམས་སང་ཡང་འཛོམས། སང་ཡང་ཡང་འཛོམས་པའི་སྨོན་ལམ་ཤོག།



  • ལེ་ཚན་སྔོན་མ།:ཡོས་བརྔོ་བའི་གླུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།