གསར་དུ་བརྩམས་པའི་ཞེ་མཐུན་པའི་གླུ་ཨ་ལོང་རང་འགུག་མ།

གངས་དབང་གིས།        2013-04-24

གསར་དུ་བརྩམས་པའི་ཞེ་མཐུན་པའི་གླུ་ཨ་ལོང་རང་འགུག་མ།

༡དཀར་ཡག་གངས་དང་གངས་སེང་གཉིས།།
 སྔ་གཏམ་མེད་དེ་སྔོན་ལས་རེད།།
 གངས་ཁྲེལ་མེད་རྫ་ལ་མ་འགྱུར་ན།།
 སེང་དཀར་མོ་གངས་ལ་རང་འཁོར་ཡིན།།
༢ཁྱེད་མ་འགྱུར་རི་ཆེན་རི་འདྲ་གྱིས།།
 ང་མི་འགྱུར་ཐང་ཆེན་ཐང་འདྲ་བཟོ།།
རི་ཐང་གཉིས་དེ་མ་འགྱུར་ན།།
རོགས་རང་གཉིས་སེམས་ལ་འགྱུར་བ་མེད།།
༣གྲོང་སྟོད་སྟག་ཆུང་ཤར་དགའ་དང་།།
གྲོང་སྨད་སྨན་ཆུང་བུ་མོ་གཉིས།།
གྲོང་སྟོད་སྨད་ཕྱེ་ཐལ་མ་བསམ་དང་།།
སེམས་བསམ་པ་མཉམ་འགྲོ་མཉམ་འདུག་ཡིན།།
༤རྒྱ་ཇ་རྒྱ་ནས་ཕེབས་བྱུང་།།
 འབྲི་མར་སེམས་པ་དགའ་བྱུང་།།
ཇ་མར་ཐབས་ལ་འཛོམས་པ།།
སྐྱེ་བ་སྔོན་གྱི་ལས་རེད།།གསར་དུ་བརྩམས་པའི་ཞེ་མཐུན་པའི་གླུ་ཨ་ལོང་རང་འགུག་མ།

༥རྒྱ་ཤོག་དཀར་པོ་ཁ་ཞེང་ཆེ།།
 སྣག་ཚའི་རི་མོ་འགྱ་འགྱུར་མང་།།
 རྒྱ་ཤོག་དཀར་པོ་མ་འགྱུར་ན།།
 སྣག་ཚའི་རི་མོ་འགྱུར་མེད་ཡིན།།
༦རྟ་ཁྲ་ཁྲ་སོག་པོའི་རྟ་ཁྲ་རེད།།
 སྒ་ཁྲ་ཁྲ་ཟི་ལིང་སྒ་ཁྲ་རེད།།
 ཁྱོད་སོག་པོའི་རྟ་ཁྲ་མ་འགྱུར་ན།།
 ང་ཟི་ལིང་སྒ་ཁྲ་འགྱུར་མེད་ཡིན།།
༧སྟག་ཤར་པ་མཚོ་ནང་ནོར་བུ་དང་།།
 སྨན་བུ་མོ་མཚོ་ཁའི་མེ་ཏོག་གཉིས།།
 ཁྱེད་མཚོ་ནང་ནོར་བུ་མ་འགྱུར་ན།།
 ང་མཚོ་ཁའི་མེ་ཏོག་འགྱུར་མེད་ཡིན།།
༨རི་དཀར་དཀར་རི་རྩེ་ཕྲ་མོ་མ།།
 དུས་ན་ནིང་རི་ངོ་ཤེས་ལེ་མིན།།
 དུས་དེང་སང་ང་ཡི་རྒྱབ་རིར་འགྱུར།།
 བསང་མཆོད་པ་དགོས་ལེ་སྔོན་ལས་རེད།།
༩རི་བུམ་པ་འདྲ་བའི་གཡས་ཟུར་ལ།།
 དཀར་འོ་མ་གཉིས་ཀྱི་རྒྱ་མཚོ་འཁྱིལ།།
 ངས་མ་འཐུང་འཐུང་མདོག་ཤེས་ལེ་མིན།།
 འཐུང་ཚར་ནས་བརྗེད་རྒྱུ་ཡོད་སྣང་མེད།།གསར་དུ་བརྩམས་པའི་ཞེ་མཐུན་པའི་གླུ་ཨ་ལོང་རང་འགུག་མ།

༡༠ཤིང་རྩ་བ་གཅིག་ལ་རྩེ་མོ་གསུམ།།
 རྩེ་མོ་གསུམ་ལ་མེ་ཏོག་གསུམ།།
 མེ་ཏོག་གཅིག་དེ་སྒང་ལ་ཕུལ།།
 རོགས་ངེད་གཉིས་དབུ་འཕང་སྒང་ལས་མཐོ།།
 མེ་ཏོག་གཅིག་དེ་ཆུ་ལ་ཕུལ།།
 རོགས་ངེད་གཉིས་འགྲོགས་སྣ་ཆུ་ལས་རིང་།།
 མེ་ཏོག་གཅིག་དེ་བྲག་ལ་ཕུལ།།
 རོགས་ངེད་གཉིས་ཚེ་སྲོག་བྲག་ལས་སྲ།།གསར་དུ་བརྩམས་པའི་ཞེ་མཐུན་པའི་གླུ་ཨ་ལོང་རང་འགུག་མ།
  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་འབྲོག་གླུ
  • ལེ་ཚན་རྗེས་མ།:ཨ་མདོའི་ཡུལ་དུ་དར་ཁྱབ་ཆེ་བའི་དམངས་གླུའི་སྐོར་རོབ་ཙམ་གླེང་བ།